ཧུའུ་པེས་འཛད་སྤྱོད་ཀྱི་མཐོ་གསར་བཏོད་པ།
ལས་རྣམ་གསར་གཏོད་བྱས་པས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བ།
གྲངས་གཞི་ཁག་ལས་ཧུའུ་པེའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་མངོན་པ་སྟེ། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། ཧུའུ་པེའི་སིལ་འཚོང་ལས་རིགས་དང་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་བསྡོམས་འབོར་སྒོར་དུང་ཕྱུར་526.06ཟིན་པ་དང་དྲ་རྒྱའི་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་103.2ཟིན་ནས་དུས་མཚུངས་ལས་15.3%འཕར་ཡོད།
བྱེད་ཐབས་གསར་གཏོད་བྱས་ནས་འཛད་སྤྱོད་རྒྱ་ཆེར་བཏང་བ།
ཨེ་ཤེ་ཡའི་ཤར་ལྷོའི་ཁྱད་ཆོས་ལྡན་པའི་བརྒྱན་ཆ་གྱོན་ཆས་དང་། ད་དུང་ཡོ་རོབ་དང་མེ་གླིང་ལ་བྲིན་ཁ་རྒྱུག་པའི་གློག་རྡུལ་ཐོན་རྫས་དང་རྩེད་ཆས་སོགས་ཨེ་ཀྲོའུ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་དུ་ཚོང་ཟོག་གང་དགོས་ཡོད།
ཧྭ་ཧུའུ་གནམ་ཐང་ལ་བརྟེན་ནས་ཀྲུང་གོའི་གློག་རྡུལ་ཐོན་རྫས་དང་། སྐྱེ་དངོས་སྨན་རྫས། རླངས་འཁོར་གྱི་ལྷུ་ལག་བཅས་ཞག་གཅིག་ལ་གོ་ལ་ཧྲིལ་པོར་འབྱོར་ཐུབ་པ་དང་། མེ་གླིང་ལྷོ་མའི་ཉ་སན་ཝུན་དང་། མེ་གླིང་བྱང་མའི་ཤ་སྨི་འབྲུག་དབྱིབས་མ། ཐེ་ལན་གྱི་ཤིང་ཏོག་ལིའུ་ལན་སོགས་ཀྱང་ཀྲུང་གོའི་མི་སེར་གྱི་གསོལ་ལྕོག་ཐོག་མཐོང་རྒྱུ་ཡོད།
ཧུའུ་པེ་རྒྱལ་སྤྱིའི་ཚོང་ཚོགས་རྒྱལ་སྒྲོལ་དྲ་ཚོང་ཆེད་དོན་ཨུ་ལྷན་གྱི་དྲུང་ཆེ་པི་ཝུའེ་ཡིས། “རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་ཚང་མ་དེ་གར་འདུས་ཡོད་པས་འཛམ་གླིང་ས་གནས་ཁག་གི་འཛད་སྤྱོད་པས་ཚོང་ཟོག་སྣ་ཚོགས་ཉོ་ཐུབ”ཅེས་བཤད།
ཧུའུ་པེ་ལའེ་དབྱི་ཐེའོ་གྱོན་ཆས་ཚད་ཡོད་ཀུང་སི་ནི་གྱོན་ཆས་དྲ་ཚོང་ཁྲོམ་རར་ཞུགས་མཁན་ཁེ་ལས་ཀྱི་གྲས་ཤིག་རེད། ཀུང་སིའི་ཏུང་ཧྲི་ཀྲང་ཞུང་ཧྥེ་ཞང་གིས“ན་ནིང་ཉིན་རེར་ཆ་སྙོམས་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་ཁྲི་10ཟིན་ནས་ལོ་གཅིག་གི་ཕྱིར་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་13ཟིན་གྱི་ཡོད། ད་ལོ་རྟེན་གཞི་གསར་པ་ལས་འགོ་ཚུགས་པ་དང་བསྐྲུན་ཟིན་རྗེས་ཕྱིར་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་20ཟིན་རེ་ཡོད”ཅེས་ངོ་སྤྲོད་བྱས། དེ་གར་རང་འགུལ་ཅན་གྱི་ཐུམ་རྒྱག་འཕྲུལ་འཁོར་གྱིས་གྱོན་ཆས་མགྱོགས་མྱུར་ཐུམ་བརྒྱབ་ནས་དོ་པོ་རེ་རེ་བཞིན་རླངས་འཁོར་ལ་བླུགས་ནས་ས་གནས་ཁག་ཏུ་གཏོང་བཞིན་འདུག
མིག་སྔའི་བར། ཐེན་མོན་འཁལ་འཐག་གྱོན་ཆས་རིགས་ཀྱི་གཉེར་སྐྱོང་བྱེད་པོ་7000ཙམ་དང་ཐོ་བཀོད་བྱས་པའི་དྲ་ཚོང་སྟེགས་བུའི་ཚོང་ཁང་ཁྲི་1.3ལྷག་ཙམ་ཡོད་པ་རེད། ཐེན་མོན་གྱིས“འཁལ་འཐག་དང་། རས་ཆ། གྱོན་ཆས་ལས་སྣོན། དྲ་ཐོག་ཚོང་གཉེར། རྒྱལ་སྒྲོལ་ཟོག་འགྲེམས”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་མ་ལག་བཙུགས་ཡོད་པ་རེད།
རྒྱལ་ནང་ཁྲོམ་རར་རྐང་པ་བརྟན་པོ་བཙུགས་རྗེས། ཐེན་མོན་གྱིས་སླར་ཡང་མིག་རྒྱང་ཕྱི་རྒྱལ་དུ་འཕེན་པ།
མིག་སྔར། ཐེན་མོན་གྱི་གྱོན་ཆས་རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་ལ་འཚོང་གི་ཡོད། 2024ལོར་ཐེ་ལན་སོགས་ཀྱི་ཕྱི་རྒྱལ་གྱི་མཛོད་ཁང་སྔ་རྗེས་སུ་སྤྱོད་འགོ་ཚུགས་པ་དང་ས་གནས་དེ་གའི་འཛད་སྤྱོད་པས་དྲ་ཐོག་མངགས་ཉོའི་དངོས་ཟོག་མགྱོགས་ཤོས་སུ་ཉིན་གཉིས་པར་འབྱོར་གྱི་ཡོད།
ཉེ་བའི་ལོ་ཤས་རིང་། ཧུའུ་པེས་ཚོང་ཟོག་འཁོར་རྒྱུག་ཁེ་ལས་གྲངས་འཛིན་ཅན་གྱི་མཐུན་རྐྱེན་སྦྱར་ནས་དྲ་ཐོག་དང་དྲ་ཕྱིའི་མཐུན་སྦྱོར་འཕེལ་རྒྱས་མགྱོགས་སུ་བཏང་བ་མ་ཟད། དུས་ཐོག་གི་སིལ་འཚོང་དང་ཐད་གཏོང་ཟོག་ཚོང་སོགས་འཛད་སྤྱོད་གསར་པའི་བྱེད་ཐབས་དེ་བས་བཀྲག་མདངས་ལྡན་ཞིང་། ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་ཧུའུ་པེའི་ཚད་བཅད་ཡན་གྱི་དྲ་རྒྱའི་ཚོང་ཟོག་གི་སིལ་འཚོང་བསྡོམས་འབོར་19.2%འཕར་ཡོད་པ་རེད།
ལག་རྩལ་གསར་གཏོད་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།
ཧུའུ་པེ་ནི་ཞ་སྨི་འབྲུག་དབྱིབས་མའི་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་། དེ་བས་ཆན་ཅང་ལ“ཀྲུང་གོའི་ཞ་སྨི་འབྲུག་དབྱིབས་མའི་ཕ་ཡུལ”ཞེས་འབོད་ཀྱི་ཡོད། གསོ་ཚགས་ནས་ལས་སྣོན་བར་དང་། བཟའ་བཏུང་ནས་འཁོར་རྒྱུག་བར་དུ་ཆན་ཅང་གི་ཞ་སྨི་འབྲུག་དབྱིབས་མ་དང་ཆུ་འབྲས་ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་870ཙམ་ཟིན་ཡོད།
དུས་ཚིགས་ཀྱི་ཚོད་འཛིན་མི་ཕོག་པ་བྱ་ཆེད། ཧུའུ་པེ་ཞིང་ཆེན་གྱི་ཞ་སྨི་འབྲུག་དབྱིབས་མའི་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་གིས་ཚན་རིག་ཞིབ་འཇུག་ཁང་དང་སུའོ་དང་དེ་བཞིན་མཐོ་སློབ་7དང་མཉམ་འབྲེལ་བྱས་ཏེ“དུས་བཞིར་ཞ་སྨི་འབྲུག་དབྱིབས་མ་ཡོད་པའི”ལག་རྩལ་གཙོ་གནད་ཐོག་འགག་སྒྲོལ་བྱས་ཡོད། ཧུའུ་པེ་ཞིང་ཆེན་ཞ་སྨི་འབྲུག་དབྱིབས་མའི་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ལི་མིང་པའོ་ཡིས“དྲོད་ཁང་དུ་ཞ་སྨི་གསོ་བ་དང་། བཟོ་གྲྭ་ཅན་གྱི་བྱེད་ཐབས་ནས་ཞ་སྨི་གསོ་བ། འབྲས་ཞིང་དུ་ཞ་སྨི་གསོ་བ་སོགས་བྱེད་ཐབས་མང་པོ་སྤྱད་པས་དགུན་ཁར་ཡང་ཞ་སྨི་ཐོན་སྐྱེད་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
“ལག་རྩལ་གསར་གཏོད་ལ་བརྟེན་ནས་ལོ་གཅིག་དུས་བཞིར་ཞ་སྨི་འབྲུག་དབྱིབས་མ་ཟ་ཐུབ”ཞ་སྨི་འབྲུག་དབྱིབས་མའི་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་གི་ལག་རྩལ་པ་ཀོན་ཧོ་ཧོ་ཡིས་ན་ནིང་གི་ཟླ་12པ་ནས་ད་ལོའི་ཟླ་2པའི་བར་ཆན་ཅང་གིས་དགུན་དུས་ཞ་སྨི་འབྲུག་དབྱིབས་མ་ཁྲོམ་རར་འདོན་ཚད་ཏུན་ཁྲི་2.4ཟིན་པ་དང་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་21.9ཟིན་ཡོད་ཅེས་ངོ་སྤྲོད་བྱས།
“ཧུའུ་པེས་ལག་རྩལ་གསར་གཏོད་ལ་བརྟེན་ནས་བཟའ་བཏུང་ཞབས་ཞུའི་འཛད་སྤྱོད་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ། ཝུའུ་ཧན་གྱི་སྐམ་ཐུག་དང་། ཤང་དབྱང་གི་ཚགས་ཤའི་ཐུག་པ། ཆན་ཅང་གི་ཞ་སྨི་འབྲུག་དབྱིབས་མ། དབྱི་ཁྲང་གི་ཉ་སོགས་ཀྱི་བྲིན་ཚོང་ལ་སྐུལ་འདེད་བཏང་ཡོད”ཧུའུ་པེ་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཧུའུ་པེ་ཞིང་ཆེན་གྱི་བཟའ་བཏུང་ལས་གཉེར་གྱི་བསྡོམས་འབོར་6.3%འཕར་ཡོད་ཅེས་ངོ་སྤྲོད་བྱས།
བྱེད་ཐབས་གསར་གཏོད་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།
ཧུའུ་པེའི་ཝུའུ་ཧྥུང་ནི་ཇ་པ་ཏིའི་ཐོན་ཁུལ་གཙོ་བོ་དང་ལེ་དབར་ཁྲིའི་ཇ་ལམ་གྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ཞིང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་8གྱི་གྲོང་ཚོ་75ཚང་མར་ཇ་ར་ཡོད། ཇ་ལོ་རྐྱང་པ་འདེབས་པ་ནས“ཇའི་རིག་གནས་ཡུལ་སྐོར”གྱི་ལས་རྣམ་མང་པོ་མཉམ་འདྲེས་འཕེལ་རྒྱས་ཕྱིན་ནས་རི་ལུང་དབུལ་པོ་དེ་ཡུལ་སྐོར་བས་ཡུལ་སྐོར་བྱེད་མང་བའི་གནས་སུ་གྱུར་ཡོད།
“ཇ་ར་མཛེས་ལྗོངས་ཁུལ་དུ་གྱུར་པ་དང་། ཇའི་བཟོ་གྲྭ་འགྲེམས་ཁང་དུ་གྱུར་པ། ཇ་འདེབས་ཞིང་པ་ཡུལ་སྐོར་སྣེ་ཤན་པར་གྱུར་པ”བཅས་ཝུའུ་ཧྥུའུ་རུ་ཇ་རའི་རྣམ་པ་གསར་པར་འགྱུར་བཞིན་ཡོད། ཇ་དང་ཡུལ་སྐོར་མཉམ་འདྲེས་ལ་དམིགས་ནས་ས་གནས་དེ་གའི་ཆིང་ཀང་ལིང་སྐྱེ་ཁམས་ཇ་ར་དང་དབྱི་ཧུང་ཇའི་བཟོ་ལས་ཤུལ་བཞག་འགྲེམས་ཁང་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་གཅིག་བཏོད་ཡོད།
“ཇའི་ཐོན་ལས་ཞིབ་སློབ་དང་། ཚན་རྩལ། རིག་གནས་དང་ཡུལ་སྐོར་བཅས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བར་བརྟེན་ཇ་ལོའི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་ཡོད་ལ། ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་ཡོད”ཅེས་ཝུའུ་ཧྥུང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཏུང་གིས་ཇ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཕན་འབྲས་སྐོར་གླེང་། ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་ཝུའུ་ཧྥུང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་347སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་27%འཕར་ཡོད། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་32.9ཟིན་པ་དེ་དུས་མཚུངས་ལས་31%འཕར་ཡོད།
“ཧུའུ་པེས‘རིག་གནས་དང་ཡུལ་སྐོར+ལས་རིགས་སྣ་ཚོགས’དང‘ལས་རིགས་སྣ་ཚོགས+རིག་གནས་དང་ཡུལ་སྐོར’ཟུང་སྦྲེལ་མུ་མཐུད་རྒྱ་ཆེར་བཏང་བ་དང་རྣམ་གྲངས་འཛུགས་སྐྱོང་ལ་བརྟེན་ནས‘འགྲོ་སྡོད་གནས་མལ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས’ཀྱི་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཡོད”ཧུའུ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཁེ་ཁེ་ཡིས། མིག་སྔར་ཧུའུ་པེ་ཞིང་ཆེན་གྱིས་རིག་གནས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་རྣམ་གྲངས་104བསྐྲུན་ནས་སྤྱད་པར་བརྟེན་ཚ་གཡོལ་དང་། གངས་འཁྱགས། འཁྲབ་སྟོན་སོགས་ཀྱི་ལས་རྣམ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཧུའུ་པེའི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2036.34ལ་སྣེ་ལེན་ཞུས་པ་དེ་2024ལོའི་དུས་མཚུངས་ལས་12.9%འཕར་ཡོད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།