ནུབ་རྒྱུད་འཆར་གཞི་དང་ལེན་ཞུ། གངས་ལྗོངས་ས་མཐོར་ནམ་འཕང་གཅོད།
“རྒན་ཝང་ལགས། ང་ཚོ་བོད་དུ་ཧ་ཅང་སྐྱིད་པོ་འདུག སློབ་གྲྭ་ཕྱོགས་ནས་བློ་བདེ་པོ་གནང་རོགས”ཞེས་ལག་ཐོགས་ཁ་པར་ནས་2025ལོའི་ནུབ་རྒྱུད་འཆར་གཞིའི་བོད་ལ་ཞབས་འདེགས་ཞུ་བའི་ཆེད་དོན་རྣམ་གྲངས་ཀྱི་སློབ་མ་གཉིས་པོའི་ཉེ་ལམ་གྱི་གནས་ཚུལ་ཉན་སྐབས། རྒྱལ་སའི་དགེ་འོས་སློབ་ཆེན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཤུན་སེམས་འགུལ་ཐེབས་ཤིང་། དེ་ནི་སྔོན་ཆད་སློབ་གྲྭའི་ལྗོན་ཤིང་གསེབ་ཏུ་མཆོང་ལྡིང་བྱེད་པའི་གླག་ཕྲུག་དེ་གཉིས་ཀྱིས་ས་མཐོར་གཤོག་རྩལ་ངོམ་བཞིན་ཡོད་པ་དང་། སློབ་གྲྭའི“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི”མི་སྐྱོང་གི་ཕན་འབྲས་དེ་ནུབ་རྒྱུད་ས་གཞི་ཆེན་པོར་ཞིབ་དཔྱད་ཐུབ་པས་རེད།
ད་ལོའི་དབྱར་ཁར། ནུབ་རྒྱུད་འཆར་གཞིའི་བོད་ལ་ཞབས་འདེགས་ཞུ་བའི་ཆེད་དོན་རྣམ་གྲངས་ཀྱི་དང་བླངས་པ་1200ལྷག་ཙམ་ལྷ་སར་འཛོམས་ནས་རྡོག་ཐོན་བྱས་པའི་ནང་། རྒྱལ་སའི་དགེ་འོས་སློབ་ཆེན་གྱི་སློབ་མ་ཝང་ལེ་ཆིང་དང་ལིའུ་ལུའུ་གཉིས་ཀ་ཡོད་པ་རེད།
གལ་ཏེ་བོད་སྐད་སྦྱོང་བ་ནི་དགའ་ཕྱོགས་ཤིག་ཡིན་ན། བོད་ཆས་གྱོན་པ་ནི་སྙིང་ཁོང་རུས་པའི་གཏིང་ལ་ཟུག་པའི་དགའ་ཞེན་ཞིག་རེད།
ལྷོ་ཁའི་ལྷོ་བྲག་གི་ཁྱིམ་ཚང་མགྲོན་ཁང་ཞིག་ཏུ་བོད་རིགས་སྦྱིན་བདག་གིས་རྒྱ་རིགས་ན་གཞོན་བུ་མོ་དེས་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་པ་ཐོས་སྐབས་སེམས་འགུལ་ཆེན་པོ་ཐེབས་ཏེ་ཨུ་ཚུགས་ཀྱིས་ཝང་ལེ་ཆིང་གི་ཞག་སྡོད་རིན་པ་བླངས་མེད། སེམས་བཟང་གི་བྱ་སྤྱོད་འདིའི་དབང་གིས་ལོ་ཕྱེད་སོང་རྗེས་ཝང་ལེ་ཆིང་གིས་དབྱར་ཁའི་གུང་གསེང་དང་བསྟུན་ནས་པེ་ཅིང་གི་བྲོ་བ་ལྡན་པའི་གོར་སོབ་འགའ་ཁྱེར་ཏེ་ཆེད་མངགས་སྦྱིན་བདག་ཐུག་པར་ཕྱིན། ཐེངས་དེར། སྦྱིན་བདག་གི་ནང་མི་དང་ཁོང་གྲོགས་པོར་གྱུར་ཞིང་། སྤྲོ་སེམས་འཁོལ་པོས་ཁོང་ཕྱི་ལོའི་བོད་ཀྱི་ལོ་གསར་ལ་ཡོང་བར་གདན་དྲངས་པ་མ་ཟད། ད་དུང་ཁོང་ལ་བོད་ཆས་སྤུས་ལེགས་ཤིག་ཀྱང་བཟོས་པ་རེད།
“སྐབས་དེ་དུས་རང་ཉིད་མགྲོན་པོ་ཙམ་མིན་པའི་ཚོར་སྣང་བྱུང་། ངས་ས་གཞི་འདི་དང་འདི་གའི་མི་རྣམས་ལ་དངོས་སུ་རྒྱུས་མངའ་ལོན་འདོད་ཡོད”ཅེས་ཝང་ལེ་ཆིང་གིས་ནུབ་རྒྱུད་འཆར་གཞིར་མིང་ཐོ་བཀོད་ནས་ངོ་རྒྱུགས་སྤྲོད་སྐབས་ངོ་རྒྱུགས་ལེན་མཁན་ལ་དེ་ལྟར་བཤད།
ཡིན་ནའང་འགྲོ་བའི་ལམ་ལ་རྐྱེན་ངན་བར་ཆད་འཕྲད་སྲིད་དེ། དངོས་གཞིའི་ཚན་ཁག་མཐར་ཕྱིན་ནས་བོད་དུ་བསྐྱོད་པའི་འཆར་གཞི་འགྲུབ་ཉེར་ཡོད་པའི་མོད་ལ། ཞིབ་འཇུག་སློབ་མའི་སློབ་ཞུགས་ཐོབ་ཐང་སོར་འཇོག་སྲིད་ཇུས་ལ་རྒྱུས་མངའ་མེད་པའི་དབང་གིས་བོད་སྐྱོད་འཆར་གཞི་བློ་ཕམ་ཆེན་པོས་བློས་གཏོང་དགོས་བྱུང་བ་དང་། འདི་ལོའི་ཞིབ་འཇུག་སློབ་མའི་ལོ་རིམ་དང་པོ་འགྲིམ་ཚར་མ་ཐག་མ་ལག་ནང་མིང་ཐོ་བཀོད་པའི་ཆ་འཕྲིན་རྙིང་པ་དུས་ཐོག་ཏུ་བསུབས་མེད་པས་བོད་སྐྱོད་འཆར་གཞིའི་དུས་ཚོད་སླར་ཡང་འགྱངས་པ་རེད། སློབ་གྲྭར་མིང་སྐལ་གཅིག་མ་གཏོགས་མེད་པའི་བོད་ཀྱི་ཆེད་དོན་རྣམ་གྲངས་ཀྱི་མིང་སྐལ་རྫོགས་པ་ཤེས་རྗེས། ཝང་ལེ་ཆིང་བར་འཁྱམས་སུ་ཡིབ་ནས་དབུགས་རིང་གཏོང་བ་ལས་ཐབས་ཟད།
“ང་ཕྱིར་ལོག་འདོད་འདུག”ཁོང་གིས་དགེ་རྒན་ལ་དཀའ་ངལ་ཆེན་པོས་བོད་སྐད་ལོ་གསུམ་སྦྱངས་པའི་ཐོག་མའི་བསམ་འདུན་གླེང་བ་སྟེ། “ང་ལ་དྲོ་སྐྱིད་སྟེར་བའི་ས་ཆ་དེར་སོང་ནས་རང་ཉིད་ཀྱིས་སྦྱངས་པ་ཐམས་ཅད་སྤྱད་དེ། དེ་གའི་གཏམ་རྒྱུད་ཇི་མ་ཇི་བཞིན་བཤད་པ་བརྒྱུད། བོད་རིགས་སྤུན་ཟླའི་སེམས་རྩ་ཧ་ཅང་འཁོལ་པོ་མངོན་པར་བྱེད་ཀྱི་ཡིན”ཞེས་མྱོང་བརྒྱུད་ལས་བྱུང་བ་དང་བརྩེ་དུང་ཟབ་མོ་བཅངས་པའི་རེ་བ་དེས་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་ལས་བྱེད་པར་སེམས་འགུལ་ཐེབས། ཝང་ཤུན་དང་ལས་བྱེད་པ་ཡུས་དབྱི་ལུའུ་ཡིས་ཀྱང་ནུབ་རྒྱུད་འཆར་གཞིའི་པེ་ཅིང་རྣམ་གྲངས་གཞུང་དོན་ཁང་ལ་མཐུན་སྦྱོར་བརྩོན་ལེན་ཐེངས་མང་བྱས་ནས་ཟླ་བ་ཁ་ཤས་སྒུག་རྗེས་མཐར་རྩ་ཆེ་བའི་མིང་སྐལ་གཞན་ཞིག་རག
“ད་ཐེངས་ཀྱི་ཞབས་ཞུ་ནི་དྲིལ་བསྒྲགས་སྡེ་ཚན་དུ་རེད་འདུག་པས། ངའི་འདོད་བློ་དང་ཏག་ཏག་མཐུན་སོང”ཞེས་རེ་འདུན་གྲུབ་པའི་ཝང་ལེ་ཆིང་སེམས་འགུལ་ཆེན་པོ་ཐེབས།
སྲིད་ཁྲིམས་སློབ་གླིང་གི་2015ལོའི་རབ་འབྱམས་སློབ་ཐོན་སློབ་མ་ལིའུ་ལུའུ་ཡིས་པེ་ཅིང་དུ་ལོ་ཉི་ཤུ་ལྷག་ཙམ་འཚོ་བ་སྐྱེལ་མྱོང་། འོན་ཀྱང་ཁོང་གི་སེམས་སུ“ཕྱིར་བསྐྱོད་ནས་སྦྱངས་པའི་ཤེས་བྱ་དག་གིས་མི་གཞན་ལ་རོགས་རམ་ངོ་མ་བྱེད་དགོས”སྙམ་གྱི་ཡོད། ནུབ་རྒྱུད་འཆར་གཞིར་མི་བསྡུ་བཞིན་པ་ཤེས་སྐབས། བསམ་ཚུལ་འདི་དེ་བས་བརྟན་དུ་སོང་། ཟླ་7ཚེས་22ཉིན་ཁོང་གིས་སློབ་མའི་འཐུས་མི་ཡིན་པའི་ངོས་ནས་པེ་ཅིང་གྲོང་ཁྱེར་ནུབ་རྒྱུད་འཆར་གཞིའི་རྡོག་ཐོན་མཛད་སྒོའི་ཐོག་གཏམ་བཤད་སྤེལ་བ་དང་། དེ་ནས་དཔུང་ཁག་ཆེན་པོ་དང་མཉམ་དུ་བོད་སྐྱོད་མེ་འཁོར་ལ་ཆུ་ཚོད་བཞི་བཅུ་ལྷག་ཙམ་བསྡད་ནས་ནུབ་ཕྱོགས་སུ་ཐོན།
“འདི་ནི་ང་ཚོའི་དད་མོས་ཀྱི་ལམ་བུ་ཞིག་རེད”ལིའུ་ལུའུ་ཡིས་གསོ་སྦྱོང་བྱེད་རིང་དགེ་རྒན་གྱིས་ཁྲིད་པའི“དད་མོས་ཀྱི་ལམ་དུ་བསྐྱོད་པའི”སློབ་ཚན་སྐབས་སུ་རང་ཉིད་ཀྱི་མྱོང་ཚོར་ལྷུག་པོར་བརྗོད་པ་སྟེ། “དད་མོས་ནི་འབོད་ཚིག་ཙམ་མིན་པར་མི་གྲངས་ལས་འདས་པས་ལང་ཚོ་དང་། རྔུལ་ཆུ་དང་ཐ་ན་ཚེ་སྲོག་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེར་གོམ་པ་རེ་རེ་བཞིན་བསྐྱོད་པའི་ལམ་བུ་ཞིག་རེད”ཅེས་བཤད།
“ནུབ་རྒྱུད་འཆར་གཞི་ནི་སྤྱིར་བཏང་གི་མངགས་གཏོང་རྣམ་གྲངས་ཤིག་གཏན་ནས་མིན། དེ་ནི་ང་ཚོའི་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུ་རྣམས་ཀྱི་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་གསོན་ཉམས་དོད་པའི་ལག་ལེན་སློབ་ཚན་ཞིག་རེད”ཝང་ཤུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ཤས་རིང་ནུབ་རྒྱུད་འཆར་གཞིར་ཕྱོགས་ཁག་གིས་མཐོང་ཆེན་བྱས་པ་དང་། སློབ་གྲྭས་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་སྐུལ་སློང་དང་ཞབས་ཞུ་ཡག་པོ་བསྒྲུབས་པར་བརྟེན། སློབ་གྲྭའི་ནང་དུ“ནུབ་རྒྱུད་དུ་སོང་ནས་བྱས་རྗེས་འཇོག་པའི”རྣམ་པ་ཟབ་མོ་རིམ་བཞིན་ཆགས་ཡོད། “ང་ཚོས་མིང་ཐོ་འགོད་མཁན་གྱི་སློབ་མར‘སློབ་མ་རེར་ཇུས་གཞི་རེ’དང་གཅིག་གཏད་གཅིག་གིས་སྤེལ་རེས་ཞིབ་ཚགས་ཐེངས་གཉིས་ཡན་བྱས་ཡོད། ཁོང་ཚོའི་འདོད་བློ་དང་། དགེ་མཚན་དང་དེ་བཞིན་སེམས་ཁྲལ་བཅས་རང་ཁྱིམ་གྱི་ཕྲུ་གུ་ལྟར་གནད་ལ་འཁེལ་པོས་ཤེས་རྟོགས་བྱས་ནས། ཁོང་ཚོར་སྲིད་ཇུས་གསལ་འགྲེལ་དང་འགྲོ་ཕྱོགས་དོན་འཁྱོལ་བྱས་ཏེ་ས་བོན་འཚམ་ཤོས་དེ་དགོས་མཁོ་ཆེ་ཤོས་ཀྱི་ས་གཞིར་བཏབ་ཡོད”ཅེས་ཝང་ཤུན་གྱིས་བཤད།
(《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།