དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་དང་ཤང་ཀང་གི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.84ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-20

    5100རྟགས་ཅན་བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་དོན་པས་གོ་རིམ་ལྡན་པའི་ངང་ཐོན་རྫས་འདེམས་པ་དང་། ཐུམ་རྒྱག་པ། སྤུས་ཚད་ཞིབ་བཤེར་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད། དེ་རྗེས་དངོས་ཟོག་ཁག་དེ་དག་ལྷ་སའི་འགག་སྒོ་ལས་ཁུངས་ཀྱི“ཁག་ཐེངས་ཞིབ་བཤེར(རིམས་ནད་ཞིབ་བཤེར)”གྱི་རྣམ་པ་བརྒྱུད། རྒྱང་སྦྲེལ་གཏོགས་ཁོངས་ཞིབ་དཔྱད་བྱས་ཏེ་ཤང་ཀང་དུ་བདེ་བླག་ངང་བཏང་བ་རེད། གངས་ལྗོངས་ཀྱི་དྭངས་གཙང་གཏེར་ཆུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་དང་ཤང་ཀང་གི་དཔལ་འབྱོར་ཚོང་དོན་མཉམ་འགུལ་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི” རིང་། བོད་དང་ཤང་ཀང་གི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.84ཟིན་ཡོད། དབྱར་རྩྭ་དགུན་འབུ་དང་གཏེར་ཆུ་སོགས“བོད་ནས་ཐོན་པའི”ཁྱད་ལྡན་ཐོན་རྫས་དག་ཕྱིར་གཏོང་དངོས་ཟོག་གཙོ་བོར་གྱུར་བ་དང་། དྲི་རྫས་དང་བྱུག་རྫས་སོགས་ས་མཐོར་ནང་འདྲེན་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཤང་ཀང་རྒྱལ་སྤྱིའི་ཞིམ་ཟས་དངོས་མང་སྟོན་ཚོགས་དང་བོད་ལྗོངས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སོགས་ཐབས་ལམ་མང་པོར་བརྟེན་ནས“བོད་ནས་ཐོན་པའི”ཐོན་རྫས་ལ་ཤང་ཀང་གི་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ཡོད། 2024ལོར་ཆབ་མདོའི་རྒུན་ཆང་དང་ནག་ཆུའི་དབྱར་རྩྭ་དགུན་འབུ་སོགས་ཐོན་རྫས་ཤང་ཀང་གི་ཁྲོམ་རར་ཐེངས་དང་པོར་གཏོང་འགོ་ཚུགས་ཏེ། ཕྱིར་གཏོང་རིགས་ཀྱི་ཐོན་རྫས་ཀྱི་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད།

    དཔལ་འབྱོར་ཚོང་དོན་དར་བ་མ་ཟད། མི་སྣ་འགྲོ་འོང་གི་བགྲོད་ལམ་ཡང་སྔར་བས་ཤར་གཏོང་ཐུབ་ཡོད། ད་ལོའི་ཟླ་བ་གཉིས་པར“ལྷ་ས—ཁྲེང་ཏུའི་ཐེན་ཧྥུའུ—ཤང་ཀང”གི་ས་ཁུལ་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ས་གནས་གཉིས་ཕན་ཚུན་སྦྲེལ་མཐུད་ཀྱི་འབྲེལ་ཐག་གསར་པར་གྱུར་ཡོད། འགག་སྒོ་ལས་ཁུངས་ཀྱིས“ཞིབ་བཤེར་བྱེད་ཐེངས་གཅིག་ལ་གཏོང་བའི”ལམ་སྲོལ་དང་དམར་ཕྱིའི་གཟུགས་པོའི་དྲོད་ཚད་འཇལ་བ་སོགས་ཀྱི་རིག་ནུས་ལྟ་འདོམས་སྒྲིག་ཆས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། མཁའ་ལམ་དེ་བརྒྱུད་ནས་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲུལ་པ་མི་ཐེངས་5730ཟིན་ཡོད་པ་རེད།

    མ་འོངས་པར་ཕྱོགས་གཉིས་པོས་རྒྱལ་མཚམས་སྒྲོལ་བའི་མཁའ་འགྲུལ་ཟོག་འགྲེམས་དང་ཁྱད་ལྡན་ཐོན་རྫས་ཚོང་དོན་སོགས་ཁྱབ་ཁོངས་སུ་སྤེལ་རེས་དེ་བས་མང་བ་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་ཐུབ་རེ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།