རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགྲན་རར་ཚ་རླབས་རབ་ཏུ་འཕྱུར་བ།
ཚ་ཁ་འགྲན་བསྡུར་རྣམ་གྲངས་ལ་དོ་ཁུར་བྱེད་མཁན་མང་བ།
ཟླ་10ཚེས་16ཉིན། སླར་ཡང་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པའི་གྲུབ་འབྲས་ཤིག་གིས་ཀོང་ཏུང་གི་ཚ་ཁ་འགྲན་ར་ཡོངས་དགའ་བས་མྱོས། ཅང་རན་ཤིན་དང་། ཧྲེན་དབྱི་ཡོ། ཀྲང་ཆི་བཅས་ལས་གྲུབ་པའི་ཧྲང་ཧའེ་རུ་ཁག་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བུད་མེད་ཀྱི་སྨི་10ཡི་དབུགས་མདའི་འོས་ཐོབ་འགྲན་བསྡུར་ལ་གདུབ་1745ཡི་ཚོགས་པའི་སྤྱིའི་གྲུབ་འབྲས་བླངས་ནས། ཀྲུང་གོའི་རུ་ཁག་གིས་དེ་གོང་2025ལོའི་ཨེ་ཤེ་ཡའི་ཚ་ཁའི་ལེགས་སྐྱེས་འགྲན་བསྡུར་ལ་བཞག་པའི་གདུབ་1740ཡི་ཚོགས་པའི་འཛམ་གླིང་གི་ཟིན་ཐོ་ལས་རྣམ་པར་རྒྱལ་ཡོད། ཛ་དྲག་ལ་ཚ་ཚ་འུར་འུར་གྱི་འགྲན་བསྡུར་དང་བདམས་ཐོན་པ་རྒན་གཞོན་ཚོས་རང་ནུས་གང་ཡོད་བཏོན་པས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚ་ཁའི་འགྲན་བསྡུར་ལ་དོ་ཁུར་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་པ་རེད།
ཟླ་10ཚེས་14ཉིན་སྤེལ་བའི་སྐྱེས་པའི་སྨི་10ཡི་དབུགས་མདའི་མཐའ་བསྡུར་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚ་ཁའི་རྣམ་གྲངས་འགོ་བཙུགས་ཚུན། དོ་ཁུར་ཆེན་པོ་བྱེད་པའི་མཐའ་བསྡུར་ཞིག་རེད། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་ཧྲེང་ལི་ཧའོ་ཐོག་མར་འགྲན་རར་སྐྱོད་སྐབས། སྐད་ཅིག་ཉིད་དུ་འགྲན་ར་ཡོངས་ཀྱི་ལྟད་མོ་བ་དང་པར་རྒྱག་མཁན་ཚོའི་ཡིད་དབང་བཀུག་ཡོད།
ཧྲེང་ལི་ཧའོ་ཡིས་མཐའ་བསྡུར་ལ་ཚང་མའི་རེ་བ་སྟོང་ཟད་དུ་མ་བཏང་བར། གདུབ་254.6གི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ལེན་པའི་སྟེགས་བུ་མཐོ་ཤོས་སུ་ཐོག་མར་འཛེགས་ཡོད།
ཧྲེང་ལི་ཧའོ་དང་འདྲ་བར་ཀྲེ་ཅང་རུ་ཁག་གི་བདམས་ཐོན་པ་ཧོང་ཡུས་ཐིང་ལ་ཡང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་རག་པ་རེད། ཟླ་10ཚེས་14ཉིན། ཁོང་དང་རུ་ཁག་དེའི་རོགས་པ་ཧན་ཅ་ཡུས་དང་ཝང་ཙེ་ཧྥེ་ཡིས་བུད་མེད་ཀྱི་སྨི་10ཡི་དབུགས་མདའི་ཚོགས་པའི་གསེར་གྱི་རྟགས་མ་བླངས་པ་དང་། ཁོང་ཚོས་འོས་ཐོབ་འགྲན་བསྡུར་ལ་ད་དུང་གདུབ་1903.6གི་འཛམ་གླིང་གི་ཟིན་ཐོ་ལས་རྣམ་པར་རྒྱལ་བའི་གྲུབ་འབྲས་བཏོད་ཡོད་པ་རེད།
ལོ་15ལ་སླེབས་པའི་ལེའོ་ཉིང་རུ་ཁག་གི་ན་གཞོན་བདམས་ཐོན་པ་ཏུའུ་ཡུས་ཁྲེན་དང་འཐབ་གྲོགས་ལིའུ་པའེ་ཁྲེན་གྱིས་ཕུལ་བྱུང་གི་འགྲན་ཡ་མང་པོ་ལས་རྣམ་པར་རྒྱལ་ཏེ་ཚ་ཁ་འགྲན་བསྡུར་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་བླངས་པ་དང་། བུད་མེད་ཀྱི་སྨི་50ཡི་རིང་མདའི་འགྲན་བསྡུར་གསུམ་གྱི་ཐོབ་ཤོར་འགྲན་བསྡུར་ལ་ཧྲན་ཤིས་རུ་ཁག་གི་བདམས་ཐོན་པ་མེའོ་དབན་རུའུ་ཡིས་རྣམ་གྲངས་དེའི་འོས་ཐོབ་འགྲན་བསྡུར་གྱི་འཛམ་གླིང་གི་ཟིན་ཐོ་ལས་རྣམ་པར་རྒྱལ་བའི་གྲུབ་འབྲས་བཏོད་པ། སྐྱེས་པའི་སྨི་10ཡི་དབུགས་མདའི་མཐའ་བསྡུར་ལ་ཧོ་པེ་རུ་ཁག་གི་བདམས་ཐོན་པ་ཉིའུ་ཆི་སུང་གིས་བསམ་ཡུལ་ལས་འདས་པར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དེའི་ཨང་དང་པོ་ལེན་མཁན་ཞེ་ཡུས་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད། ཉིས་སྟོང་ལོའི་ནང་སྐྱེས་ལོ་ཆུང་བདམས་ཐོན་པ་འབུར་དུ་ཐོན་བཞིན་ཡོད་པས། འགྲན་རར་བསམ་ཡུལ་ལས་འདས་པའི་གཏམ་བཟང་ཡང་ཡང་གྲགས་པ་ལས་ཀྲུང་གོའི་ཚ་ཁའི་ལུས་རྩལ་ལ་རྗེས་རབས་པ་འབོར་ཆེན་ཡོད་པ་མཚོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།