ཤིན་ཅང་ཧ་སྨི་གྲོང་ཁྱེར་གྱི་མཁའ་ལམ་གསལ་རྟགས་རྙིང་པ་ཞིག་ལ་གཏོར་བཤིག་ཕོག་པར་ལྷག་བསམ་ཅན་གྱིས་རང་དངུལ་བཏོན་ནས་ཉམས་གསོ་བྱས་པ།
མྱ་ངམ་ཐང་དུ་གནས་པའི་ལོ་རྒྱུས་ཀྱི་མཚོན་རྟགས་སྲུང་སྐྱོང་བྱས་པ།

འདི་ནི་སྲུང་སྐར་ནས་པར་བརྒྱབ་པའི་མཁའ་ལམ་གསལ་རྟགས་ཉམས་གསོ་མ་བྱས་གོང་དང་བྱས་རྗེས་ཀྱི་རྣམ་པ་ཡིན་པ། (བཅར་འདྲི་དང་ལེན་བས་མཁོ་འདོན་བྱས)
ཉེ་ཆར། རང་སྨྱན་སྦྱོར་གཉེར་མཁན་ལུའུ་ཡའོ་ཡིས་སྲུང་སྐར་ས་བཀྲ་ནས་ཤིན་ཅང་ཧ་སྨི་གྲོང་ཁྱེར་དབྱི་ཀྲོའུ་ཆུས་ཀྱི་མྱ་ངམ་ཐང་དུ“མི་དམངས་ལ་ཞབས་འདེགས་ཞུ”ཞེས་པའི་སྦྱར་ཡིག་ཆེན་པོ་ཞིག་ཡོད་པ་མཐོང་རྗེས་རྩད་གཅོད་གསལ་པོ་བྱ་ཆེད། ཁོང་གིས་སི་ཁྲོན་ཁྲེང་ཏུའུ་ནས་སྤྱི་ལེ་2000ལྷག་ཙམ་རླངས་འཁོར་བཏང་ནས་དེ་གར་བསྐྱོད་པ་དང་ཡི་གེའི་བར་དུ་སྒོར་དབྱིབས་ཤིག་ཡོད་པ་ཤེས། དོན་དུ་དེ་ནི་མིས་རླངས་འཁོར་བཏང་བའི་འཁོར་ཤུལ་ཡིན་པ་རེད།
སྦྱར་ཡིག་དེ་ནི་དུས་རབས་20པར་དེ་སྔའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཁའ་ལམ་སློབ་གྲྭ་བརྒྱད་པས་འཕུར་སྐྱོད་སྦྱོང་བརྡར་བྱེད་སྐབས་དཔེ་ལྟ་སའི་མཁའ་ལམ་གསལ་རྟགས་ཤིག་རེད། 1967ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཁའ་ལམ་སློབ་གྲྭ་བརྒྱད་པ་ཧ་སྨི་རུ་བཙུགས་པ་དང་། མྱ་ངམ་ཐང་དེར་ས་ངོས་ཀྱི་མཚོན་རྟགས་གསལ་པོ་མེད་པས། འཕུར་སྐྱོད་སྦྱོང་བརྡར་བྱེད་སྐབས་གནམ་གྲུའི་ཁ་ཕྱོགས་ལ་ནོར་འཛོལ་འབྱུང་སླ། འཕུར་སྐྱོད་བདེ་འཇགས་ཡོང་བའི་ཆེད་དུ་སློབ་གྲྭའི་དགེ་སློབ་ཚོས་དབྱུག་པ་དང་ལྕགས་ཁྱེམ་སྤྱད་དེ“མི་དམངས་ལ་ཞབས་འདེགས་ཞུ”དང“དུས་ཚོད་དམ་འཛིན”སོགས་ཀྱི་སྦྱར་ཡིག་ལྔ་བཟོས་ཏེ་མཁའ་ལམ་གསལ་རྟགས་བཟོས་ནས་ད་བར་ཉར་ཚགས་བྱས་པ་རེད།
“ང་ནི་ཏང་ཡོན་ཡིན་ལ་དམག་མིའི་ནང་མི་ཡང་ཡིན། སྦྱར་ཡིག་དེ་དག་ནི་མི་དམངས་མཁའ་དམག་གི་ལོ་རྒྱུས་ཀྱི་མཚོན་རྟགས་ཡིན་པས། ངས་ཉམས་གསོ་བྱེད་དགོས་ངེས་རེད” གཏོར་བཤིག་ཕོག་པའི་མཁའ་ལམ་གསལ་རྟགས་མཐོང་རྗེས། ལུའུ་ཡའོ་ལ“རྨ་ཤུལ”དེ་དག་ལ་ཉམས་གསོ་བྱ་རྒྱུའི་བསམ་བློ་འཁོར། ཟླ་9ཚེས་14ཉིན་ནས་བཟུང་། ལུའུ་ཡའོ་ཡིས་གྲོགས་པོ་དང་ལྷག་བསམ་ཅན་གྱི་རོགས་རམ་འོག ཡོ་བྱད་ཉོ་བ་དང་། རྡོའི་མ་དཔེ་འཚོལ་བ། རྡོ་འདིང་བ་བཅས་བྱས་ཏེ་མཁའ་ལམ་གསལ་རྟགས་ཉམས་གསོ་བྱེད་འགོ་ཚུགས།
“ཉམས་གསོ་བྱེད་དུས་གཏོར་བཤིག་མི་ཡོང་བའི་ཆེད་དུ། ང་ཚོས་རྡོ་སྣ་ཁ་ལྔ་ཙམ་བཙལ་ནས་མ་དཔེ་བཟོས་ནའང་ཚང་མ་འཚམ་པོ་མི་འདུག” མཁའ་ལམ་གསལ་རྟགས་གནས་སའི་མྱ་ངམ་ཐང་གི་རྡོ་ནི་ཅུང་ནག་པོ་ཡིན་པ་དང་། ལུའུ་ཡའོ་ཡིས་བཙལ་བའི་རྡོའི་མ་དཔེ་ཡི་ཁ་དོག་འཚམ་པོ་མེད། ཡུལ་དེ་གའི་གཏེར་ལས་ཀུང་སི་དང་བྱེ་རྡོའི་བཟོ་གྲྭར་བཙལ་མཐར། ལུའུ་ཡའོ་ཡིས་གཞི་ནས་ཁ་དོག་ཅུང་འཚམ་པའི་རྡོ་ཞིག་རྙེད། ཟོག་འདྲེན་རླངས་འཁོར་ཆེན་པོས་དབོར་ན་མཁའ་ལམ་གསལ་རྟགས་ལ་སླར་ཡང་གཏོར་བཤིག་ཕོག་སྲིད་པས། ལུའུ་ཡའོ་ཡིས་ཟོག་འདྲེན་རླངས་འཁོར་ཆེན་པོས་རྡོ་དེ་དག་མཁའ་ལམ་གསལ་རྟགས་དང་བར་ཐག་སྤྱི་ལེ་འགའ་ཡོད་སར་དབོར་བ་དང་། དེ་ནས་ཟོག་འདྲེན་རླངས་འཁོར་ཆུང་བའི་ནང་བླུགས་ནས་མཁའ་ལམ་གསལ་རྟགས་ཡོད་སར་དབོར་ནས་མཁའ་ལམ་གསལ་རྟགས་བར་གྱི་སྒོར་དབྱིབས་སུ་བཏིང་བ་རེད།
ཟླ་9ཚེས་28ཉིན། “ཅི་ལིན་ཨང་དང་པོ”རྟགས་ཅན་གྱི་སྲུང་སྐར་ཞིག་མཁའ་ལམ་གསལ་རྟགས་ཀྱི་མཁའ་དབྱིངས་བརྒྱུད་ནས་ཉམས་གསོ་བྱས་རྗེས་ཀྱི་རྣམ་པ་པར་ལེན་བྱེད་སྐབས་མཁའ་ལམ་གསལ་རྟགས་ཀྱི“རྨ་ཤུལ”ཉམས་གསོ་བྱས་ཡོད་པ་མཐོང་བ་རེད།
ཟླ་10ཚེས་12ཉིན། ཧ་སྨི་གྲོང་ཁྱེར་དང་དབྱི་ཀྲོའུ་ཆུས་ཀྱིས་སྤྱི་བདེ་དང་། རིག་གནས་ཡུལ་སྐོར། སྐྱེ་ཁམས་ཁོར་ཡུག ནགས་ཚལ་རྩྭ་ཐང་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ཆེད་དོན་ཚོགས་འདུ་འཚོགས་ནས་མཁའ་ལམ་གསལ་རྟགས་ཆེན་པོའི་རྒྱུན་རྣམ་ཅན་གྱི་སྲུང་སྐྱོང་བྱེད་ཐབས་ལ་གྲོས་བསྡུར་བྱས་ཤིང་། ཟླ་10ཚེས་14ཉིན། ཧ་སྨི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་པས་མཁའ་ལམ་གསལ་རྟགས་ཆེན་པོ་དེར་ས་ཡུལ་དངོས་ཀྱི་རྩད་ཞིབ་དང་བརྟག་དཔྱད་བྱས་པ་དང་། ས་གཤིས་ཁོར་ཡུག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་ས་ཡུལ་དངོས་སུ་དཔེ་ལེན་ཞིབ་དཔྱད་ཚད་ལེན་བྱས་པ་མ་ཟད། དེ་མཚུངས་ཀྱི་སྲུང་སྐྱོང་བྱེད་ཐབས་ཀྱང་སྤྱད་ཡོད། ས་རྒྱུའི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ་བརྒྱུད། ཡུལ་དེ་གས་དམིགས་སའི་རང་བཞིན་གྱི་ཉམས་གསོའི་ཇུས་གཞི་བཟོས་ཏེ། སྐྱེ་ཁམས་ཉམས་གསོའི་ལག་རྩལ་འཚམ་པོ་སྤྱད་དེ་ཤུགས་རྐྱེན་ཐེབས་པའི་ས་ཁོངས་ལ་དེ་སྔའི་སྐྱེ་ཁམས་བྱེད་ནུས་ལྟར་སླར་གསོ་ཐུབ་པར་བྱས་ཡོད། ཧ་སྨི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏའེ་རུང་གིས། 《ཧ་སྨི་གྲོང་ཁྱེར་གྱི་མྱ་ངམ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། འཁོར་གཏོང་ཡུལ་སྐོར་དང་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཚང་མ་ངེས་པར་དུ་སྲོལ་ཡིག་ནང་གཏན་འབེབས་བྱས་པའི་དམིགས་འཛུགས་ས་ཁོངས་སུ་ནན་པོ་སྤེལ་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།