དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་མེ་ཏོག་རྫོང་གི་ཇའི་ལས་རིགས་ཐད་རིག་ནུས་ཅན་གྱི་ཐོན་སྐྱེད་མ་ལག་ནང་འདྲེན་བྱས་པ།

    ས་མཐོའི་ཇ་ལོའི་དྲི་ཞིམ་གང་སར་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏའེ་ལིང་།   |     སྤེལ་དུས།  2025-10-19

    སྔོན་ཆད་བོད་ལྗོངས་མེ་ཏོག་རྫོང་གི་སྐོར་གླེང་སྐབས་མི་མང་པོ་ཞིག་གིས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མཇུག་ཤོས་ཀྱི་རྫོང་ཡིན་པ་ཡིད་ལ་དྲན་གྱི་ཡོད། ད་ལྟ། མེ་ཏོག་རྫོང་གི་སྐོར་གླེང་སྐབས། མི་མང་པོ་ཞིག་གིས་རི་ཀླུང་གང་སར་ཁྱབ་པའི་ཇ་ར་དང་མཁའ་རླུང་ཁྲོད་འཐུལ་བཞིན་པའི་ཇའི་དྲི་ཞིམ་དེ་དྲན་གྱི་ཡོད།

    “ཡུལ་པད་མ་བཀོད”ཅེས་སུ་གྲགས་པའི་ས་གཞི་དེའི་སྟེང་ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སིས་དུས་ཡུན་ལོ་10ལྷག་ཙམ་སྤྱད་དེ་ས་མཐོའི་སྐྱེ་ལྡན་ཇའི་དྲི་ཞིམ་འཛམ་གླིང་དུ་ཁྱབ་པར་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཇ་ལོར་གྱུར་ཡོད། འདི་ལོ་ཀུང་སི་དེར་ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཀྱི་མཚན་སྙན་ཐོབ་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ།

    ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས་གསར་འགོད་པར་ན་ནིང་སྤྱོད་འགོ་ཚུགས་མ་ཐག་པའི་ཐོན་སྐྱེད་སྒྲུབ་རིམ་དུ་རིག་ནུས་འཕྲུལ་ཆས་ཀྱིས་ཇ་ལོ་སྐམ་པ་སོགས་ཀྱི་ལས་རིམ་གནད་སྨིན་ངང་སྒྲུབ་པ་དང་ཇ་ལོ་རེ་རེ་བཞིན་དྲོད་ཚད་སྙོམས་པའི་ཁོར་ཡུག་ཏུ་ལས་སྣོན་ཐུབ་ཅིང་། བརྙན་ཤེལ་སྟེང་ཐོན་སྐྱེད་ཀྱི་དཔྱད་གྲངས་ཁག་དུས་ཐོག་ཏུ་མངོན་པ་དང་ཟོག་འབྲེལ་དྲ་རྒྱའི་མ་ལག་ལས་སྲོལ་རྒྱུན་གྱི་ཇ་ལོའི་སྒྱུ་རྩལ་ལ་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་འོག་སྐྱེ་སྟོབས་གསར་པ་ཞིག་འབར་བཞིན་ཡོད་པ་མཐོང་བྱུང་།

    2014ལོར་ཀུང་སི་དེ་བཙུགས་པ་ནས་བཟུང་ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་ཇ་ལོའི་ཐོན་སྐྱེད་ལས་སྣོན་དང་། ཚན་རིག་ཞིབ་འཇུག ཕྱིར་ཚོང་། ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་ལག་བསྐྲུན་པ་རེད། ཚན་རྩལ་གསར་གཏོད་ཐད་ཀུང་སིས་རིག་ནུས་ཅན་གྱི་ཐོན་སྐྱེད་མ་ལག་ནང་འདྲེན་བྱས་པ་མ་ཟད། མཐོ་སློབ་སློབ་གླིང་དང་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་བྱས་ནས་ཐོན་ཞིབ་མཉམ་འགུལ་དང་མཉམ་ལས་ནུས་ཆེའི་ཚན་རྩལ་འབྲས་བུ་ཕྱོགས་སྒྱུར་གྱི་མ་ལག་བཙུགས་པ་རེད། སྤྱི་ཁྱབ་ཅིང་ལི་བདེ་སྐྱིད་སྒྲོལ་དཀར་གྱིས་ཀུང་སི་དང་ཚན་ཞིབ་སློབ་གླིང་དབར་མཉམ་ལས་གྲོས་མཐུན་བཞག་ནས“བོད་ལྗོངས་མེ་ཏོག་རྫོང་གི་ཡུང་ཀེན་ཚན་རྩལ་ས་ཚིགས”བཙུགས་པ་དང་ཇ་ལོ་འདེབས་འཛུགས་ཐོན་ཁུངས་དང་། ས་བོན་གསོ་བའི་ལག་རྩལ། ཐོན་ནུས་རིམ་སྤོར་སོགས་ཐད་ཞིབ་སྤེལ་གསར་གཏོད་བྱས་པ་དང་ཆབས་ཅིག་ལག་རྩལ་གསར་པ་ནང་འདྲེན་གྱིས་ས་གནས་དེ་གའི་ལག་རྩལ་པ་གསོ་སྐྱོང་བྱས་ནས་ཐོན་ལས་རྒྱུན་མཐུད་གསར་གཏོད་བྱེད་པར་ཤེས་ལྡན་པའི་འདེགས་སྐྱོར་བྱས་ཡོད།

    ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སིས་ཇ་ལས་སྣོན་གྱི་བཟོ་རྩལ་རིམ་སྤོར་བྱེད་པར་དམིགས་ནས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ལས་སྣོན་གྱི་དམིགས་བསལ་ལྷུ་ཚིགས་ཀྱི་དཀའ་གནད་སེལ་ཆེད། ཇ་ལོ་སྦོང་བ་དང་སྙོལ་བའི་ལས་སྣོན་སྒྲིག་ཆས་དང་། ཇ་ལོ་ལས་སྣོན་སྒྲིག་ཆས་དང་དེ་བཞིན་རྒྱུ་ཆ་བླུགས་བདེ་བའི་ས་བབ་མཐོ་བའི་ཇ་ནག་ཞིབ་མོར་བཟོ་བའི་སྒྲིག་ཆས་སོགས་ཞིབ་འཇུག་གསར་སྤེལ་བྱས་པ་མ་ཟད། ཁེ་བེད་བདག་ཐོབ་མང་པོ་རེ་ཞུ་བྱས་ནས་ཐོན་སྐྱེད་ལས་ཕྱོད་དང་ཐོན་རྫས་སྤུས་ཚད་མཐོ་རུ་ཆེས་ཆེར་སོང་ཡོད།

    སྤུས་རྟགས་སྐྱེད་སྲིང་བྱེད་པ།

    ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སིས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གནམ་ས་གཏོད་བཞིན་ཡོད་ཅིང་། འདི་ལོའི་ཟླ་གསུམ་པར“ཧི་མ་ལ་ཡའི་གནས་མཆོག་ཇའི”པེ་ཅིང་གི་ཚོང་ཁང་ཨ་མ་སྒོ་ཕྱེ་བའི་བར་རྒྱལ་ཡོངས་སུ་ཀུང་སི་དེའི་ཚོང་ཁང་9ཡོད་པ་དང་། འདི་ལོའི་ཟླ་དྲུག་པར་ཞིང་ལས་གྲོང་གསེབ་པུའུ་ཡིས་ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཁག་གསར་ཤོས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སི་ཚུད་ཡོད། འདི་ལོའི་ཟླ་བ་བརྒྱད་པར་མེ་ཏོག་གི་ཇ་པ་ཏི་རྒྱ་མ་ཁྲི་7བླུགས་པའི་ཆེད་སྤྱོད་རླངས་འཁོར་གཡོད་ལིན་ཐོན་ལས་གླིང་ནས་ཐོན་ཏེ་ནུང་ཧྥུ་ཧྲན་ཆོན་ཧོང་ཧྲན་ཐོན་སྐྱེད་རྟེན་གཞིར་དབོར་བ་དེ་ཐོག་ནས་འཐབ་ཇུས་མཉམ་ལས་དེ་དོན་དམ་པའི་རང་བཞིན་གྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད།

    ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཟླ་བས་བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་འབེགས་ཐུབ་ཅེས་ཁེ་ལས་ཀྱི་འཕེལ་རྒྱས་ལམ་བུར་དཔེ་དེ་ལྟར་བཞག ཟླ་བས“མེ་ཏོག་གི་སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་གནམ་གཤིས་ཆ་རྐྱེན་དེ་སྐྱེ་ལྡན་ཇ་ལོ་འདེབས་འཛུགས་བྱེད་པར་ཧ་ཅང་འཚམ་པ་དང་དེ་བཞིན་མེ་ཏོག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཇའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བའི་ཆོད་སེམས་བརྟན་པས་ངས་འདིར་ཇའི་ལས་རིགས་ཀུང་སི་ཐོ་འགོད་བྱས་ནས་ས་གནས་དེ་གའི་ཇའི་ལས་རིགས་ཀྱི་ཁེ་ལས་དང་པོར་གྱུར་བ་དང‘མེ་ཏོག་གི་ཇའི’སྤུས་རྟགས་སྐྱེད་སྲིང་གི་ལམ་བཏོད་ཡོད”ཅེས་བཤད།

    2017ལོར་མེ་ཏོག་གི་ཇ་པ་ཏི་དང་ཇ་ལྗང་ལ་སྐབས་བཅུ་བཞི་པའི་སི་ཁྲོན་རྒྱལ་སྤྱིའི་ཇའི་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོབ་པ་རེད། ན་ནིང་ཀུང་སི་དེ《ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་འོས་སྦྱོར་ཁེ་ལས་ཀྱི་མིང་གཞུང》ནང་ཚུད་ནས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུར་རྨང་གཞི་བཏིང་ཡོད། འདི་ལོ་གཉེར་བའི་2025ལོའི་པེ་ཅིང་རྒྱལ་སྤྱིའི་ཇའི་ལས་རིགས་འགྲེམས་ཚོགས་ཐོག་ཀུང་སིའི་ཐོན་རྫས“ཧི་མ་ལ་ཡའི་གནས་མཆོག་གི·ཇ་ནག”(མེ་ཏོག་གི་ཇ་བག་ཆུང)དམིགས་འཛུགས་ཀྱི་བོད་ཇ་འབའ་ཞིག་ལ་བདམས་པ་དེ་ནི་བོད་ཀྱི་ཇའི་ཁེ་ལས་ལ་རྒྱལ་སྤྱིའི་ཇའི་ལས་རིགས་འགྲེམས་ཚོགས་ཐོག་གཟི་བརྗིད་མཚན་སྙན་དེ་ཐོབ་ཐེངས་དང་པོ་རེད།

    མེ་ཏོག་རྫོང་ཞིང་ལས་གྲོང་གསེབ་ཅུས(གྲོང་གསེབ་དར་རྒྱས་ཅུས་དང་ཚན་རིག་ལག་རྩལ་ཅུས)ཀྱི་ཅུས་ཀྲང་ཚེ་རིང་མཆོག་གིས་ངོ་སྤྲོད་བྱས་པར་གཞིགས་ན། མེ་ཏོག་རྫོང་གིས་ཇའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་དགའ་སྤྲོད་པའི་སྲིད་ཇུས་ཐབས་ལམ་བཟོས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་སྐྱེད་ལྷུ་ཚིགས། ཁྲོམ་ར་སྐྱེད་སྲིང་། སྤུས་རྟགས་འཛུགས་སྐྱོང་སོགས་འཁོར་འབྲེལ་ཧྲིལ་པོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་རེད།

    བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་ཁྲེན་ཨའེ་ཏུང་གིས“ཁོང་ཚོས་མེ་ཏོག་གི་སྐྱེ་ལྡན་ཇ་ཁྲོམ་ར་དེ་བས་ཆེ་བར་འདོན་ཐུབ་པར་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཕྱུག་འབབ་འཕར་ལ་སྐུལ་འདེད་བཏང་བས། བོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁེ་ལས་སུ་གྱུར་བ་མ་ཟད། ས་ཁུལ་གཞན་དག་གིས་ཞིང་ལས་ཐོན་རྫས་ཀྱི་ཁྱད་ལྡན་སྤུས་རྟགས་གཏོད་རྒྱུར་ཡང་ཕན་ཡོད་དཔྱད་གཞི་མཁོ་འདོན་བྱས་ཡོད”ཅེས་བཤད།

    དམངས་ཕྱུག་གི་ལག་ལེན།

    ཟླ་བ་གསུམ་པ་ནས་བཟུང་ཉིན་ལྟར་ཞོགས་པར་མེ་ཏོག་གྲོང་རྡལ་ཡ་གདུང་གྲོང་ཚོའི་མུའུ་ལའི་ཁྱིམ་གྱི་དོན་དག་གལ་ཆེ་ཤོས་ནི་ཇ་ལོ་འཐུ་རྒྱུ་དེ་རེད། འདི་ལོ་ནས་བཟུང་། ཇ་ལོ་ཕྱིར་ཚོང་ལ་བརྟེན་ནས་ཁྱིམ་གྱི་ཡོང་འབབ་སྒོར་ཁྲི་1.4ཡན་འཕར་བ་དང་། འདི་ལོའི་ཟླ་བརྒྱད་པའི་ཚེས་26ཉིན་མེ་ཏོག་གྲོང་རྡལ་དུ་འཚོགས་པའི་ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སིའི་ཇ་ལོའི་དངུལ་སྤྲོད་པའི་མཛད་སྒོའི་ཐོག་མུའུ་ལ་ཡིས“རང་ཁྱིམ་དུ་ཇ་ཞིང་མུའུ་4ཡོད་པས་ཟླ་བཅུ་པའི་ཟླ་སྨད་བར་ཇ་ལོ་འཐུ་དགོས། ཇ་ལོའི་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་གི་འདུག ན་ནིང་ཇ་ལོ་བཙོངས་ནས་ངའི་ཁྱིམ་ལ་ཡོང་འབབ་ཁྲི་2ལྷག་ཙམ་བྱུང”ཞེས་དགའ་ཚོར་ཆེན་པོས་བཤད།

    ཡ་གདུང་གྲོང་ཚོས་2014ལོ་ནས་ཇ་འདེབས་འགོ་ཚུགས་ཡོད། མེ་ཏོག་གྲོང་རྡལ་ཡ་གདུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དབང་འདུས་ཀྱིས། ལྷག་དོན་དུ་2021ལོ་ནས་བཟུང་ཇ་ལོ་གཞི་ཁྱོན་ཆེན་པོས་བཏུས་རྗེས་གྲོང་མི་ཚོས་ཕྱིར་ཚོང་ཐབས་ལམ་གྱི་གལ་ཆེའི་རང་བཞིན་སྔར་བས་ཤེས་རྟོགས་བྱུང་ཡོད། ཉིང་ཁྲི་མེ་ཏོག་ཇའི་ལས་རིགས་ཚད་ཡོད་ཀུང་སིས་གྲོང་ཚོའི་ཇ་འདེབས་མཁན་ལ་གཏན་འཇགས་ཀྱི་ཕྱིར་ཚོང་ཐབས་ལམ་མཁོ་འདོན་བྱས་པས་ཚང་མའི་ཇ་ལོར་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཡིད་ཆེས་ཇེ་ཆེར་སོང་ཡོད། མིག་སྔར་ཡ་གདུང་གྲོང་ཚོར་ཇ་ཞིང་མུའུ་800ལྷག་ཙམ་ཡོད་པ་དང་གྲོང་ཚོ་ཧྲིལ་པོའི་ཇ་ལོ་ཕྱིར་ཚོང་ཡོང་འབབ་མཐོ་ཤོས་ལོ་གཅིག་ལ་སྒོར་ཁྲི་120ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།

    ཡར་ཀླུང་གཙང་པོའི་འགྲམ་ངོགས་ཀྱི་སྤྲིན་སྨུག་ཇ་ཡི་ལྡུམ་ར་ནས་ཞིང་འབྲོག་པ་ཕྱུག་པོ་ཆགས་པའི་ལོ་10ཡི་རིང་ཀུང་སིས“སྲིད་གཞུང+ཁེ་ལས+རྟེན་གཞི+ཞིང་དུད+དངོས་གཞིའི་ཚོང་ཁང(དྲ་ཐོག་ཚོང་ཁང)”ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཐབས་ལམ་སྤྱད་དེ་ས་གནས་དེ་གའི་མི་སེར་ཕྱུག་པོ་ཆགས་པའི་ལམ་བུ་གསར་པ་ཞིག་བཏོད་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀུང་སིས་ཇ་འདེབས་མཁན་ལ་ཇ་ལོའི་དངུལ་སྒོར་ཁྲི་6000ཙམ་སྤྲད་དེ་མེ་ཏོག་རྫོང་གི་གྲོང་ཚོ་31གི་མི་8600ལྷག་ཙམ་ལ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། 2024ལོར་ཀུང་སིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།