དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀའོ་ཞུའེ་ཡིས།

    གངས་ལྗོངས་ས་མཐོར་ལང་ཚོ་སྐྱེས་སུ་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-19

    1978ལོར། སེམས་ཤུགས་ཆེ་བའི་གཞོན་ནུ་ཁྲི་སྟོང་མང་པོས་ཏང་གི་འབོད་སྐུལ་དང་ལེན་བྱས་ཤིང་། ཀའོ་ཞུའེ་ཡང་གངས་ལྗོངས་ས་མཐོར་རོགས་སྐྱོར་ལ་ཡོང་།

    སྐབས་དེ་དུས། ལོ་16ལ་སླེབས་པའི་ཀའོ་ཞུའེ་འབྲེང་ཐག་གི་འགྲམ་དུ་ལངས་ཤིང་། གྱོན་གོས་ཚང་མ་འདམ་རྫབ་ཀྱིས་ཁེངས། ཀའོ་ཞུའེ་ཡི་རྐང་པ་གཉིས་གཙང་པོའི་ངོགས་ནས་སྤོ་བའི་སྐད་ཅིག་མར་ཁོང་གི་ལས་དབང་ས་མཐོ་དང་ནམ་ཡང་འབྲེལ།

    འབྲེང་ཐག་སྟེང་གི་ལང་ཚོ།

    “ང་ཚོ་ནི་ཟླ་9ཚེས་3ཉིན་རྡོག་ཐོན་བྱས་པ་དང་ལྷ་སར་སླེབས་སྐབས་རྒྱལ་སྟོན་དུས་ཆེན་ཟིན་སོང”ཞེས་ཀའོ་ཞུའེ་ཡིས་རྒྱལ་སྟོན་དུས་ཆེན་གྱི་དྲན་གསོའི་པར་ཞེས་བཀོད་པའི་འདྲ་པར་རྙིང་པ་ཞིག་ལ་མཛུབ་མོ་བཙུགས་ནས་བཤད།

    དང་ཐོག་ཀའོ་ཞུའེ་ལྷོ་ཁའི་རྒྱ་ཚ་ལྡུམ་རའི་ལག་རྩལ་ར་བར་ལས་བགོས་བརྒྱབ། རི་ལམ་གྱ་གྱུ་མིག་མདུན་དུ་མཐོང་སྐབས་ཁོང་གིས་སེམས་ལ་གྲ་སྒྲིག་ཡག་པོ་བྱས། འོན་ཀྱང་། གཙང་པོའི་འགྲམ་དུ་སླེབས་ནས་ཁོང་ཚོ་བསུ་མཁན་གྱིས་འབྲེང་ཐག་ལ་མཛུབ་མོ་བཙུགས་ཏེ་ཕར་འགྲོ་དགོས་པའི་བརྡ་གཏོང་སྐབས། ཁོང་ཧང་སངས།

    འབྲེང་ཐག་གི་ལྕགས་གདུབ་བཟུང་བའི་ཀའོ་ཞུའེ་ཡི་ལག་པར་རྔུལ་ཆུ་དོན་ཞིང་། ཁོང་གིས་དབུགས་རིང་ཞིག་བཏང་ནས་བོད་རིགས་གཅེན་པོ་དེར་ལད་ཟློས་ཀྱིས་རྒྱབ་ལ་གོམ་པ་གཉིས་ཕྱིར་གཤོལ་བརྒྱབ་ནས་མདུན་ལ་མཆོངས་པས་གཙང་པོའི་གྲང་རླུང་ཁྲོད་འབྲེང་ཐག་ལས“ཧྭ་ལ་ལ”ཞེས་འཛེར་སྒྲ་ཞིག་གྲགས་པ་དང་། རྐང་འོག་ཏུ་གཙང་ཆུ་བྲག་ལ་རྡེབ་པའི་སྒྲ་ནི་དེ་བས་ཀྱང་རི་དྭགས་གཅན་གཟན་གྱི་སྒྲ་ལྟར་འཇིགས་སུ་རུང་།

    སློབ་གསོའི་འཐབ་ཕྱོགས་ཀྱི་སྒྱུར་བཅོས་གདོང་ལེན་པ།

    1979ལོར། མཐོ་རྒྱུགས་སླར་གསོའི་གཏམ་བཟང་གངས་ལྗོངས་ས་མཐོར་ཁྱབ། ཀའོ་ཞུའེ་དང་གཞོན་ནུ་ཤེས་ཡོན་ཅན་བཅུ་ལྷག་ཙམ་ལ“ཕྱུགས་རིགས་སྨན་པའི་ཆེད་ལས”ཀྱི་སློབ་བསྡུའི་བརྡ་ཐོ་འབྱོར།

    འོན་ཀྱང་མི་ཚེའི་ཤུལ་ལམ་རིང་པོའི་ཁྲོད་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སྣ་ཚོགས་འཕྲད་སྲིད་ཅིང་། “རྗེས་སུ་རྩ་འཛུགས་ཀྱིས་གློ་བུར་དུ་ང་རང་ཕྱུགས་རིགས་སྨན་པ་ནས་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་པར་ལས་སྒྱུར་བྱས་བྱུང”ཞེས་ཀའོ་ཞུའེ་ཡིས་བཤད། ཁོང་གིས་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་བརྩི་སྲུང་ཞུས་ཏེ་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་ཆབ་སྲིད་སློབ་གསོ་ཚན་ཁག་ཏུ་ཟབ་སྦྱོང་བྱེད་པར་བསྐྱོད།

    དེ་རྗེས་ཀའོ་ཞུའེ་དེ་སྔའི་བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་དོན་ཁྲུའུ་རུ་ལས་སྒྱུར་བྱས་ཤིང་། ལས་སྣ་མང་བའི་སློབ་ཁྲིད་དོ་དམ་ལས་ཀའི་མདུན་དུ་ཁོང་གིས་ལོ་གཅིག་ཏག་ཏག་རིང་སློབ་གླིང་དང་ཚན་ཁག་ཚང་མར་བསྐྱོད་ནས་སློབ་འགོ་འཛུགས་པའི་གྲ་སྒྲིག་དང་། རྒྱུགས་ལེན་བཀོད་སྒྲིག གུང་གསེང་མཇུག་སྒྲིལ་སོགས་ཀྱི་ལས་དོན་དག《སློབ་ཁྲིད་དོ་དམ་གྱི་འཁོར་སྐྱོད་དཔེ་རིས》ཤིག་ཏུ་ལེགས་སྒྲིག་གིས་གོ་རིམ་མེད་པའི་སློབ་དོན་ལས་དོན་དག་གོ་རིམ་ལྡན་པའི་ངང་བསྡུ་སྒྲིལ་བྱས་ཏེ་མི་རིགས་སློབ་ཆེན་སློབ་ཁྲིད་སྒྱུར་བཅོས་ཀྱི་གསལ་རྟོགས་པ་ཞིག་ཏུ་གྱུར།

    ས་མཐོའི་ཞིང་ལས་ཚན་རྩལ་གྱི་འགག་སྒྲོལ་པ།

    2019ལོར། ལོ་57ལ་སླེབས་པའི་ཀའོ་ཞུའེ་སློབ་གསོའི་ཁོངས་གཏོགས་ནས་ལས་སྒྱུར་བྱས་ཏེ་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་ལྕི་པོ་ཁུར།

    སྐབས་དེར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ལ་གཞོན་ནུ་དཀོན་པའི་དཀའ་ངལ་འཕྲད་བཞིན་ཡོད་ལ། ལས་བཟོ་ཚོའི་ཆ་སྙོམས་ལོ་ཚད་ཀྱང་ལོ་52རེད། ཀའོ་ཞུའེ་ཡིས་ཡིག་ཚགས་ཁང་གི་ཐལ་རྡུལ་གྱིས་གཡོགས་པའི་ཤོག་གྱོང་ཁུག་མ་ནས་བཅིངས་འགྲོལ་དམག་གིས་ལྷ་སར་གསར་སྦོལ་བྱས་པའི་ས་ཞིང་དང་པོའི་དཔྱད་གཞི་ཞིང་ལས་ཚན་རིག་ཁང་དུ་ཡོད་པ་ཤེས་རྟོགས་བྱུང་།

    ཀའོ་ཞུའེ་ལ་ས་ཆ་དེ་རྙེད་པ་མ་ཟད། རྡོ་རིང་ཞིག་ཀྱང་གསར་དུ་བཙུགས་ཤིང་། ཁོང་གིས་ཚང་མར“ཞིང་ལས་ཚན་རིག་ཁང་གི་ཐོག་མའི་བསམ་འདུན་ནི་བོད་ཀྱི་ཞིང་ལས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ནས་འབྲུ་རིགས་རང་མཁོ་རང་འདོན་ཡོང་བ་བྱ་རྒྱུ་དེ་རེད་ལ། ལས་འགན་ནི་ས་མཐོའི་ཁོར་ཡུག་ཁྲོད་ཞིང་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་བྱས་ནས་ས་མཐོའི་ཞིང་ལས་ཀྱི་ཚན་རིག་རིགས་པའི་གཞུང་ལུགས་དང་སྔོན་ཐོན་ལག་རྩལ་ཐད་ཞིབ་འཇུག་བྱ་རྒྱུ་དེ་རེད”ཅེས་གསལ་བསྒྲགས་བྱས་པ་རེད།

    དེ་རྗེས་མི་རྣམས་ཀྱི་དོགས་འདྲིའི་ཁྲོད“ལམ་གཤོང་བྱ་སྤྱོད”ཐེངས་གསུམ་སྤེལ་ནས། འབྲིང་རིམ་དོ་དམ་ཚོགས་པའི་ཆ་སྙོམས་ལོ་ཚད་ལོ་43བར་དམའ་རུ་བཏང་བ་རེད། མི་ཁ་ཤས་ཀྱིས“མ་བྱེད་དགུ་བྱེད་ཚ་དྲགས་པ་རེད”ཅེས་པའི་དོགས་འདྲི་བྱེད་སྐབས། ཁོང་གིས“གཞོན་ནུ་ཚོར་གོ་སྐབས་མ་སྤྲད་ན་ཁོང་ཚོས་འཇོན་མི་འཇོན་ག་ནས་ཤེས”ཞེས་ལྡོག་འདྲི་བྱེད་ཀྱི་ཡོད།

    ན་གཞོན་ལས་བྱེད་པ་ཁག་གསུམ་གྱིས་ལས་འགན་སྒྲུབ་པ་དང་བསྟུན་ནས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཞོགས་ཚོགས་སྐབས་ཇ་བསྲུབས་མ་དང་ཀོག་ཧྥེ་ཡི་དྲི་ཞིམ་མཉམ་དུ་འཐུལ་གྱི་ཡོད་ལ། ཚོད་ལྟ་ཁང་དུ་མཚན་མོ་རྟག་ཏུ་གློག་རྡུལ་བརྙན་ཤེལ་གྱི་མདོག་སྔོན་ཡང་འཚེར་གྱི་ཡོད། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས“ཞིང་ལས་ཚན་རིག་གསར་པ”འཛུགས་སྐྱོང་བྱེད་པའི་རླབས་རྒྱུན་ཁྲོད་འབད་འཐབ་མདུན་སྐྱོད་བྱེད་བཞིན་ཡོད།

    ཀའོ་ཞུའེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་འདི་ཉིད་མཚོ་བོད་ས་མཐོའི་ཞིང་འབྲོག་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་ཞིག་ཏུ་བསྐྲུན་རྒྱུའི་སེམས་ཐག་བཅད།

    བོད་ཀྱི་དུས་རབས་ཕྱེད་ཀའི་འཕོ་འགྱུར་ཁྲོད་ཀའོ་ཞུའེ་ཡི་བྱས་རྗེས་གང་སར་མཐོང་རྒྱུ་ཡོད། ཁོང་གིས་རྟག་ཏུ“ས་མཐོར་ལང་ཚོ་སྐྱེས་སུ་འབུལ་བ་ཙམ་མ་ཟད། ལང་ཚོའི་ས་བོན་ཡང་འདེབས་དགོས། ས་བོན་བཏབ་ཕྱིན་ཡལ་འདབ་རྒྱས་ནས་འབྲས་བུ་ཐོབ་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།