དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།

    —— རྒྱ་ཚ་རྫོང་གིས“ངོ་སྤྲོད་མི་དགོས་པའི་རྫོང”གི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-19

    འདི་ནི་རྒྱ་ཚ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པས་དོན་དག་སྒྲུབ་པར་ཡོང་བའི་མང་ཚོགས་ལ་ལས་སྒོའི་སྟབས་བདེའི་བརྒྱུད་རིམ་ངོ་སྤྲོད་བྱེད་བཞིན་པ།

    གྲངས་གཞི་མང་ཙམ་གཏོང་བ་དང་མང་ཚོགས་ཉུང་ཙམ་རྒྱུག་པ་ནི་དམངས་ཀྱི་རེ་སྒུག་རེད་ལ་སྲིད་ཇུས་ཀྱི་ཁ་ཕྱོགས་ཀྱང་རེད། འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་བརྒྱུད་རིམ་ཁྲོད་གླེང་མང་བའི“ངོ་སྤྲོད་མང་པོ་དགོས་པ་དང་། ངོ་སྤྲོད་འབྲི་དཀའ་བ། ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་པ” བཅས་ཀྱི་གནད་དོན་ལ་དམིགས་ནས། “ངོ་སྤྲོད་མི་དགོས་པའི་རྫོང”གི་ཚོད་ལྟའི་ལས་དོན་དེ་གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། མ་ལག་གི་ལས་སྒོའི་བརྒྱུད་རིམ་བསྐྱར་སྒྲིག་དང་གྲངས་གཞི་མཉམ་སྤྱོད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། ལས་སྒྲུབ་ལྷུ་ཚིགས་33%ཁུ་བསྡུ་བྱུང་བ་དང་སྒྲུབ་གཉེར་དུས་ཚད་42%ཐུང་དུ་སོང་ཡོད། གསར་གཏོད་རང་བཞིན་གྱི་བྱེད་ཐབས་འདིས་སྲིད་གཞུང་གི“འཕྲི་ཐབས”ལ་བརྟེན་ནས་ཞབས་ཞུའི“བསྣན་ཐབས”མང་དུ་བཏང་བ་མ་ཟད། འཕེལ་རྒྱས་དང་བཅོས་སྐྱོང་གི“སྒྱུར་ཐབས”ཀྱང་དེ་བས་སྐུལ་སློང་བྱས་ཡོད།

    “འཐེན་ཐབས”སྤྱད་པ་བརྒྱུད“ངོ་ སྤྲོད་སྤྲོད་ཆོག་པ”དང“ངོ་སྤྲོད་སྤྲོད་མི་ཆོག་པའི”གསལ་ཐོ་གཉིས་གྲུབ་པ།

    སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་དམངས་སྲིད་སྐར་ཁུང་གི་ལས་དོན་མི་སྣས“སྔོན་ཆད་མང་ཚོགས་ཀྱིས་དཔྱད་གཞི་ཆ་ཚང་པོ་འཁྱེར་ཡོང་དགོས། གལ་ཏེ་སྣ་གཅིག་མ་ཚང་ན་བསྐྱར་དུ་ཐེངས་གཅིག་ཡོང་དགོས་ཀྱི་ཡོད། འོན་ཀྱང་ད་ལྟ་མང་ཚོགས་ཀྱིས་དགོས་མཁོ་ཤོད་པ་དང་ང་ཚོས་གྲངས་གཞི་སྙོམས་སྒྲིག་བྱེད་པ་དང་། ཆ་འཕྲིན་ལ་ཞིབ་བཤེར་བྱེད་པ། དཔྱད་གཞི་འདོན་པ་བཅས་བྱས་ནས་གཉེན་སྒྲིག་ལག་ཁྱེར་སོགས་གསབ་སྤྲོད་བྱེད་སྐབས་སྔོན་ཆད་ཐེམ་ཐོ་དང་གྲོང་ཚོའི་ཐེལ་ཙེ་བརྒྱབ་པའི་ངོ་སྤྲོད་དགོས་མོད། འོན་ཀྱང་ད་ཆ་མ་ལག་གམ་ཡིག་ཚགས་བཤེར་ཚེ། ངོ་སྤྲོད་གང་ཡང་མི་དགོས་པར་ཐད་ཀར་གསབ་སྤྲོད་བྱེད་ཐུབ་ཀྱི་ཡོད”ཅེས་བཤད། 

    རྒྱ་ཚ་རྫོང་གིས་སྲིད་འཛིན་དབང་ཆའི་ཐད“འཕྲི་ཐབས”རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་དང་ཁེ་ལས་ཀྱི་ལས་སྒྲུབ་ལ་མཁོ་བའི་ངོ་སྤྲོད་མང་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། འབྱུང་རྩ་ནས་ངོ་སྤྲོད་ཀྱི་དོན་དག་ཀྱང་ཉུང་དུ་བཏང་ཡོད།

    “མཐའ་མཚམས་ལམ་ཡིག”དང“སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་ཁོངས་ཆ་འཕྲིན་བཟོ་བཅོས”སོགས་ངོ་སྤྲོད་ཁག་47ཐད་ཀར་མེད་པར་བཟོས་པ་དང་། ཁེ་ལས་ཀྱིས་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་མེད་པ་བཟོ་བ་སོགས་ཀྱི་དོན་དག་ལྔ་ལ“ཁས་ལེན་མྱུར་སྒྲུབ”ལག་བསྟར་བྱེད་པ་ལས་འབྲེལ་ཡོད་ངོ་སྤྲོད་འདོན་མི་དགོས་པ། “ཐེམ་ཐོ་གནས་སྤོའི་ཆོག་མཆན(ཐེམ་ཐོ་ཞིང་ཆེན་ལས་བརྒལ་ནས་གནས་སྤོ་བ)”སོགས་སྡེ་ཚན་མང་པོས་མཉམ་དུ་ཞིབ་བསྡུར་བྱེད་པའི་ངོ་སྤྲོད་དོན་ཚན་ལ་ཞིབ་བཤེར་གཞོགས་འདེགས་བྱེད་སྟངས་དང་། བརྒྱུད་རིམ། དུས་ཚད། འགན་འཁུར་བ་བཅས་ཁ་གསལ་བཟོས་ནས་སྡེ་ཚན་གྱིས་ཞིབ་བསྡུར་བྱེད་པའི་ངོ་སྤྲོད་རྣམ་གྲངས་21ལག་བསྟར་བྱས་ཡོད།

    མཐར་རྒྱ་ཚ་རྫོང་གིས“འདོན་ཐུབ་པ”དང“འདོན་མི་ཐུབ་པའི”གསལ་ཐོ་གཉིས་བཏོན་ཡོད། མིག་སྔར། རྫོང་ཡོངས་ཀྱིས་ངོ་སྤྲོད་རྣམ་གྲངས་98གཙང་བཤེར་བྱས་ཟིན་པ་དང་། ཁུ་བསྡུ་བྱས་རྗེས་ལས་སྒོ་2800ལྷག་ཙམ་བསྒྲུབས་ཤིང་། དེ་ལས་ཁེ་ལས་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་ཐེངས་ཇེ་ཉུང་དུ་ཕྱིན་ཡོད་ལ་ལས་སྒྲུབ་ཀྱང་སྟབས་བདེ་དང་མངོན་གསལ་དོད་དུ་ཕྱིན་ཡོད།

    “སྣོན་ཐབས”སྤྱད་པ་བརྒྱུད“མཐུན་སྦྱོར་སྒྲུབ་རོགས”བརྒྱུད་རིམ་ཧྲིལ་པོར་མཐུད་པ།

    རྒྱ་ཚ་རྫོང་ཁུན་ཡེ་བསྐྱར་སྐྱེས་ཐོན་ཁུངས་བེད་སྤྱོད་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལུའུ་ཐེ་ཧྲོང་གིས“གན་འཇོག་དང་། ལས་གཉེར་ལག་ཁྱེར། ཁྲལ་དོན་བཅས་ནས་ཁོར་ཡུག་སྲུང་སྐྱོང་གི་གདེང་འཇོག་བར། དེ་སྔ་ཉུང་མཐར་ཡང་ཟླ་བ་གཅིག་འགོར་གྱི་འདུག ད་ཆ‘མཐུན་སྦྱོར་སྒྲུབ་རོགས’བརྒྱུད་རིམ་ཧྲིལ་པོར་མཐུད་རྗེས་གཟའ་འཁོར་གཉིས་ཀྱང་མ་འགོར་བར་ཡོངས་སུ་སྒྲུབ་ཐུབ་ཀྱི་འདུག རྙོག་འཛིང་ཆེ་བའི་འགྲོ་ལུགས་ལས་ཁེ་ལས་ལ་ཚོད་འཛིན་ཐེབས་རྒྱུའི་སེམས་ཁྲལ་མི་དགོས་པར་ནུས་ཤུགས་ཡོད་ཚད་མ་འཇོག་དང་འཕེལ་རྒྱས་གཏོང་བར་འཇོག་ཆོག་གི་འདུག”ཅེས་བཤད།

    ས་གནས་དེ་གའི་སྡེ་ཚན་གྱིས་རང་འགུལ་ངང་འབྲེལ་མཐུད་བྱས་ནས་ཁེ་ལས་ལ་ཁེ་ལས་འབྲིང་ཆུང་གི་བྱ་དགའ་དང་རོགས་སྐྱོར་ཁ་གསབ་དང་དེ་བཞིན་གློག་དང་ཟོག་འགྲེམས་སོགས་ཀྱི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་རེ་ཞུ་བྱེད་པར་རོགས་རམ་གནད་འཁེལ་བྱས་ཡོད། རེ་ཞུའི་དཔྱད་གཞིའི་ཡིག་རིགས་ཆད་ལུས་སོང་ཚེ། རོགས་སྒྲུབ་མི་སྣས་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུགས་བྱས་ནས་ཁ་གསབ་བྱེད་རོགས་བྱས་ཏེ་ཁེ་ལས“ཕར་རྒྱུག་ཚུར་རྒྱུག”དང“ངོ་སྤྲོད་འདོན”མི་དགོས་པ་བྱེད་ཀྱི་ཡོད།

    “སྒྱུར་ཐབས”སྤྱད་པ་བརྒྱུད་བཅོས་སྐྱོང་དང་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་པ།

    ད་ཆ་རྒྱ་ཚ་རྫོང་གི“ངོ་སྤྲོད་མི་དགོས་པའི”ལས་སྒོ་ཇེ་མང་དུ་སོང་ཞིང་། ཐེམ་ཐོ་གནས་སྤོ་དང་། སྤྱི་ཚོགས་འགན་སྲུང་གི་ཐོ་བསུབ། ཁང་སའི་ཞིབ་མཆན་སོགས་དམངས་འཚོའི་ཁྱབ་ཁོངས་མང་པོར་ཁྱབ་ཡོད། དེའི་ནང་དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་དང་། བཟའ་བཏུང་ཚོང་ཁང་འཛུགས་པ། ཁེ་ལས་ཀྱི་ཐོ་བསུབ། ཕྲུ་གུ་དམར་འབྱར་སྐྱེས་པ་སོགས་ཀྱི་དོན་དག་ཚང་མ་རྒྱུག་ཐེངས་གཅིག་ལ་སྒྲུབ་ཐུབ་པ་དང་རིམ་རྩིས་བྱས་ན་དོན་དག་960ལྷག་ཙམ་བསྒྲུབས་ཡོད།

    རྒྱ་ཚ་རྫོང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧེང་ཐའོ་ཡིས“ངོ་སྤྲོད་མི་དགོས་པའི་རྫོང”འཛུགས་སྐྱོང་བྱ་རྒྱུ་ནི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་རེད། རྒྱ་ཚ་རྫོང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱིས་བཀོད་སྒྲིག་བྱས་པའི་དམངས་ལ་སྟབས་བདེ་སྐྲུན་པ་དང་ཁེ་ལས་ལ་ཕན་འདོགས་པའི་འགག་སྒྲོལ་བྱ་སྤྱོད་ལ་མུ་མཐུད་དམིགས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱིས“ངོ་སྤྲོད་མི་དགོས་པའི་གྲོང་ཁྱེར”འཛུགས་སྐྱོང་གི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གཞིར་བཟུང་། ཁེ་ལས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། འགྲོ་ལུགས་སྟབས་བདེ་ཤོས་དང་། མ་གནས་དམའ་ཤོས། ལས་ཆོད་ཆེ་ཤོས་བཅས་ཀྱི་ལས་སྒྲུབ་བརྒྱུད་རིམ་མུ་མཐུད་བཏོད་དེ“ངོ་སྤྲོད་མི་དགོས་པའི་རྫོང”གི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བའི་ཕན་འབྲས་ཏན་ཏིག་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་དང་ཚོང་གཉེར་ཁོར་ཡུག་གི་ཁས་ལེན་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།