རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
སྐམ་ས་ཆེན་པོས་སྤུན་ཟླ་ཐའེ་དབན་བ་སྔར་བས་སྟབས་བདེའི་ངང་རྒྱལ་མཚམས་སུ་འཛུལ་བའི་བྱེད་ཐབས་ཡོངས་བསྒྲགས་བྱ་རྒྱུ།
འབྲེལ་ཡོད་སྡེ་ཚན་གྱིས་ཐའེ་དབན་གྱི་གྲོང་མི་སྐམ་ས་ཆེན་པོར་འབྱོར་ནས་ལག་ཁྱེར་གཉེར་བའི་འགག་སྒོའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ།
ཚེས་15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་བཏང་སྟེ། སྤུན་ཟླ་ཐའེ་དབན་བ་སྐམ་ས་ཆེན་པོར་ཡོང་བར་དེ་བས་སྟབས་བདེ་དང་བདེ་འཇགས་ཡོང་ཆེད། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཉེ་དུས་ཐའེ་དབན་གྱི་གྲོང་མི་སྐམ་ས་ཆེན་པོར་འབྱོར་ཏེ་ལག་ཁྱེར་གཉེར་བའི་ཁྱབ་རྒྱ་དེ་ཆ་རྐྱེན་དང་ཡོངས་སུ་འཚམ་པའི་འགག་སྒོ་བར་ཆེ་རུ་གཏོང་རྒྱུ་རེད། སྤུན་ཟླ་ཐའེ་དབན་བས་ཐའེ་དབན་ནས་ཐད་ཀར་སྐམ་ས་ཆེན་པོར་ཡོང་བ་ཡིན་ནའང་འདྲ། ཡང་ན་ཀང་ཨའོ་ས་ཁུལ་དང་ཕྱིའི་རྒྱལ་ཁབ་བརྒྱུད་དེ་སྐམ་ས་ཆེན་པོར་ཡོང་བ་གང་ཞིག་ཡིན་རུང་གོང་གསལ་གྱི་འགག་སྒོར་འབྱོར་ནས་སྤུན་ཟླ་ཐའེ་དབན་བའི་གོ་ཆོད་ལག་ཁྱེར་ཐེངས་གཅིག་གཉེར་རྒྱུའི་རེ་ཞུ་བྱས་ཏེ་རྒྱལ་མཚམས་སུ་འཛུལ་ན་འགྲིག སྲིད་ཇུས་བྱེད་ཐབས་ཀྱི་ཞིབ་ཕྲའི་གནས་ཚུལ་དང་ལག་ཁྱེར་གཉེར་བའི་འགག་སྒོའི་གསལ་ཐོ་དེ་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་དུས་ཐོག་ཏུ་ཡོངས་བསྒྲགས་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
ཁྲེན་པིན་ཧྭ་ཡིས། “ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ” ཞེས་པ་ལྟར། སྤུན་ཟླ་ཐའེ་དབན་བ་ནི་ང་ཚོའི་ཤ་རུས་འདྲེས་པའི་སྤུན་མཆེད་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་དབན་བའི་བསམ་འཆར་དང་གྲོས་འགོ་ཉན་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད། གོང་གསལ་གྱི་སྲིད་ཇུས་བཏོན་པ་དེས་ཐའེ་དབན་གྱི་གྲོང་མིས་སྐམ་ས་ཆེན་པོ་ནས་འགྲོ་འོང་བྱེད་པར་དེ་བས་སྒོ་དབྱེ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་ཆ་རྐྱེན་གཏོད་པ་དང་། ངོགས་གཉིས་ཀྱི་མི་སྣ་འགྲོ་འོང་དང་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་རམ་འདེགས་བཅས་བྱས་ཏེ། ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁེ་ཕན་དང་བདེ་རྩ་སྲུང་བར་གཞོལ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།