སི་ཕེན་གྱི་དཔལ་འབྱོར་ལས་གསོན་ཤུགས་དང་མཉེན་ཤུགས་མངོན་པ།
སི་ཕེན་གྱི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་བྱུང་བ་དང་བསྟུན་ནས་གྲོང་མིའི་འཛད་སྤྱོད་ཀྱི་གདེང་ཚོད་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། འདི་ནི་མ་ཏེ་རིའི་ཉེ་འདབས་ཀྱི་ལཱ་སི་ལུའོ་ས་སི་ཟོག་ཉོའི་གྲོང་དུ་མི་ཚོགས་ཀྱིས་ཁེངས་ནས་འཛད་སྤྱོད་དར་ཞིང་རྒྱས་པ།
ད་ལོའི་ལོ་སྟོད་དུ། ཡོ་རོབ་ཀྱི་དཔལ་འབྱོར་དངོས་ཚན་གཙོ་བོར་འཕར་བའི་གནོན་ཤུགས་ཡོངས་ཁྱབ་ཏུ་འཕྲད་པའི་རྒྱབ་ལྗོངས་འོག སི་ཕེན་གྱི་དཔལ་འབྱོར་ལས་གསོན་ཤུགས་དང་མཉེན་ཤུགས་མངོན་ཡོད། དུས་ཚིགས་དང་པོར་སི་ཕེན་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)དུས་མཚུངས་ལས་2.8%འཕར་ནས་ཡོ་སྒོར་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད། དུས་ཚིགས་གཉིས་པར་སླེབས་རྗེས། སི་ཕེན་གྱི་དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་མུ་མཐུད་བརྟན་དུ་ཕྱིན་པ་དང་། GDPཟླ་བ་གོང་མའི་དུས་མཚུངས་ལས་0.7%འཕར་བ་དེ་དུས་མཚུངས་ལས་2.7%འཕར་ནས་གཉིས་ཀ་ཁྲོམ་རའི་སྔོན་དཔག་ལས་བརྒལ་ཏེ། ལོ་སྟོད་དུ་ཡོ་སྒོར་ཁུལ་གྱི་དཔལ་འབྱོར་མཚོན་ཚུལ་མངོན་གསལ་དོད་ཤོས་ཀྱི་རྒྱལ་ཁབ་གྲས་སུ་གྱུར་ཡོད། ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་དང་ནང་ཁུལ་འཕེལ་རྒྱས་ཀྱི་འགྲན་སློང་གི་མདུན་དུ་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སི་ཕེན་དང་ཀྲུང་གོའི་མཉམ་ལས་ཟབ་ཏུ་རྒྱུན་ཆད་མེད་པར་ཕྱིན་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
སྲོལ་རྒྱུན་ཐོན་ལས་ཀྱིས་འཕར་སྣོན་གྱི་རྨང་གཞི་བརྟན་དུ་བཏང་བ།
2024ལོར་སི་ཕེན་གྱི་GDPའཕར་ཚད་3.2%ཟིན་ནས་ཡོ་རོབ་ཀྱི་དཔལ་འབྱོར་དངོས་ཚན་གཙོ་བོའི་སྔོན་ཐོན་གྲས་སུ་སླེབས་པ་དང་། མི་རེའི་ཆ་སྙོམས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་3.5ཙམ་ཟིན་ཡོད་པ་རེད། སི་ཕེན་གྱི་དངུལ་རྩའི་དབྱེ་ཞིབ་པ་མཐུན་ཚོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2025ལོར་སི་ཕེན་གྱི་དཔལ་འབྱོར་ལ་མཉེན་ཆ་རྒྱུན་མཐུད་ལྡན་པ་དང་GDPའཕར་ཚད་སྔོན་དཔག་བྱས་ན་2%ནས་3%བར་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
ཐོན་ལས་ཀྱི་གྲུབ་ཆ་ནས་བལྟས་ན། སི་ཕེན་གྱི་ཐོན་ལས་གསུམ་པའི་བསྡུར་ཚད་བཅུ་ཆ་བདུན་ཙམ་ཟིན་ནས་དཔལ་འབྱོར་གྱི་ཀ་རྟེན་ནུས་པ་འདོན་བཞིན་ཡོད། དེའི་ནང་ཡུལ་སྐོར་ལས་རིགས་སླར་གསོ་མགྱོགས་མྱུར་བྱུང་བ་དེ་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད། ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་སི་ཕེན་གྱིས་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་6680ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་3.9%ཙམ་འཕར་བ་དང་དེའི་ནང་ཟླ་བ་བརྒྱད་པར་རྒྱལ་སྤྱིའི་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་ཁྲི་1130ལྷག་ཙམ་ཟིན་ནས་ལོ་ཧྲིལ་པོར་མི་ཐེངས་དུང་ཕྱུར་1ལྷག་ཙམ་ཟིན་རེ་ཡོད་པ་རེད། སི་ཕེན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་གྲངས་གཞི་གཞིར་བཟུང་། ད་ལོའི་ཟླ་བ་དང་པོ་ནས་བདུན་པ་བར་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་44.4ཟིན་པ་དེ་དུས་མཚུངས་ལས་11.9%འཕར་བ་དང་2019ལོའི་དུས་མཚུངས་ལས་16.8%འཕར་ནས་འཕར་ཚད་མགྱོགས་ཤོས་ཀྱི་ཡུལ་སྐོར་བ་ཡོང་ཁུངས་ཀྱི་རྒྱལ་ཁབ་གྲས་སུ་གྱུར་ཡོད།
ཞིང་ལས་དང་བཟའ་བཅའ་ལས་སྣོན་བཟོ་ལས་ཀྱིས་ཀྱང་སི་ཕེན་གྱི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་ཡོད། སི་ཕེན་ལ“ཡོ་རོབ་ཀྱི་ཤ་ཚལ་སྒོང་གསུམ་གྱི་སི་ར”ཞེས་པའི་མཚན་སྙན་ལྡན་ཞིང་། ཡོ་རོབ་མནའ་འབྲེལ་གྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་གྲས་བཞི་པ་ཡིན་པ་མ་ཟད། ཡོ་རོབ་མནའ་འབྲེལ་གྱི་ཤིང་ཏོག་དང་སྔོ་ཚལ་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་དང་གོ་ལ་ཧྲིལ་པོའི་ཤིང་ཏོག་དང་སྔོ་ཚལ་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་གྲས་གསུམ་པའང་རེད། དེའི་སྐྱུ་རུའི་ཚི་སྣུམ་གྱི་ཐོན་ཚད་དང་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་དུས་མཚུངས། གོ་ལ་ཧྲིལ་པོའི་རྒུན་ཆང་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་རེད།
སི་ཕེན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཁྲོད་དུ་ཀྲུང་གོའི་ཁྲོམ་རའི་གལ་ཆེའི་རང་བཞིན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ད་ལོའི་དུས་ཚིགས་དང་པོར་སི་ཕེན་གྱིས་ཀྲུང་གོར་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་ཚིགས་གཅིག་ལ་24.2%འཕར་ཡོད། ཟླ་བ་4པར་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ཀྲུང་གོར་འཚམས་འདྲི་གནང་རིང་། ཀྲུང་གོ་དང་སི་ཕེན་ཕྱོགས་གཉིས་པོས་ཞིང་ལས་ཐོན་རྫས་ཉོ་ཚོང་གི་འགྲོ་འོང་སྔར་བས་རྒྱ་ཆེར་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་ཡོད།
གྲུབ་ཆ་བསྒྱུར་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱས་པ།
ཉེ་བའི་ལོ་ཤས་རིང་། སི་ཕེན་གྱིས་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཡོ་རོབ་མནའ་འབྲེལ་གྱི་སླར་གསོ་ཐེབས་རྩའི་རྒྱབ་སྐྱོར་ལ་བརྟེན་ནས་སི་ཕེན་སྲིད་གཞུང་གིས་2030ལོར་སླེབས་སྐབས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུས་སྤྱིའི་ནུས་རྒྱུའི་འཛད་སྤྱོད་ནང་བཟུང་བའི་བསྡུར་ཚད་42%བར་མཐོ་རུ་གཏོང་རྒྱུའི་འཆར་གཞི་ཁ་གསལ་བཟོས་ཡོད། ད་ལོའི་ལོ་སྟོད་དུ་སི་ཕེན་གྱི་རླུང་ནུས་དང་འོད་ཤུགས་ཀྱི་གསར་དུ་བསྣན་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆ་སྙོམས་ཆན་ཝ་ཁྲི་500ལས་བརྒལ་ནས་ཡོ་རོབ་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱི་མདུན་གྲལ་དུ་སླེབས་ཡོད། དེ་དང་ཆབས་ཅིག་པ་སི་ཁེ་ས་ཁུལ་དང་ཨན་ཏ་ལུའུ་ཤིས་ཡ་རང་སྐྱོང་ལྗོངས་ཀྱིས་ཆིང་ནུས་ཚོད་ལྟའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་གཉེར་འགོ་ཚུགས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་རིམ་བཞིན་ཆགས་པར་སྐུལ་འདེད་བཏང་བ་རེད།
གཞན་ཡང་། མ་ཏེ་རིའི་གསར་གཏོད་གླིང་མང་པོ་ཞིག་དངུལ་རྩའི་ཚན་རྩལ་དང་སྐྱེ་དངོས་སྨན་རྫས་ཐོན་ལས་ཀྱི་གསར་དར་ཁྱུ་ཚོགས་ལ་གྱུར་ཡོད། སྲིད་གཞུང་གིས་ཆེད་དོན་ཐེབས་རྩ་བཙུགས་ནས་སློབ་ཆེན་དང་ཚན་ཞིབ་སྒྲིག་གཞི་དང་ཁེ་ལས་དབར་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་བྱ་རྒྱུའི་ལྕག་སྐུལ་བྱས་ཏེ། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་མགྱོགས་སུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་། སི་ཕེན་གྱི་བཙུགས་མ་ཐག་པའི་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་ཀྱི་གྲངས་འབོར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ནས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་ཡོད།
ཀྲུང་གོ་དང་སི་ཕེན་དབར་གྱི་མཉམ་ལས་ལས་གཉིས་ཁེ་གཉིས་ཕན་བྱུང་བ།
མིག་སྔར་སི་ཕེན་གྱི་དཔལ་འབྱོར་སྤྱི་ཡོངས་ལས་འཕེལ་རྒྱས་བརྟན་པོ་འགྲོ་བའི་རྣམ་པ་མངོན་མོད། འོན་ཀྱང་སྔར་བཞིན་ཕྱི་ནང་གི་འགྲན་སློང་མི་ཉུང་བ་འཕྲད་ཡོད་པ་སྟེ། ཕྱི་ཕྱོགས་ཐད། གོ་ལ་ཧྲིལ་པོའི་ཚོང་དོན་སྲུང་སྐྱོང་རིང་ལུགས་མགོ་བོ་འབུས་པ་དང་། ས་སྦྲེལ་གྱི་གདོང་ཐུག་ཛ་དྲག་ཏུ་ཕྱིན་པ། ནུས་རྒྱུ་དང་ཚོང་ཟོག་འབོར་ཆེན་གྱི་རིན་གོང་འཕར་ཆག་ཆེ་བ་བཅས་ཀྱིས་སི་ཕེན་གྱི་ཕྱིར་གཏོང་ཉོ་ཚོང་དང་ཐོན་ལས་འཁོར་འབྲེལ་གྱི་བདེ་འཇགས་ལ་གཏན་འཁེལ་མེད་པའི་རང་བཞིན་བཟོས་པ་དང་། ཡོ་རོབ་དང་ཨ་རིའི་དངུལ་ལོར་སྲིད་ཇུས་ཁ་ཐོར་དུ་ཕྱིན་པ་དེས་དངུལ་རྩའི་ཁྲོམ་རའི་བརྟན་ལྷིང་ལ་ཡང་རྡབ་རྡེག་བཟོ་སྲིད།
རྒྱབ་ལྗོངས་དེའི་འོག་ཀྲུང་གོ་དང་སི་ཕེན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་འཐབ་ཇུས་ཀྱི་དོན་སྙིང་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་མུ་མཐུད་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར་ཀྲུང་གོ་དང་སི་ཕེན་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་501ཟིན་ནས་དུས་མཚུངས་ལས་3.2%འཕར་བ་དང་། ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་ཀྲུང་གོ་དང་སི་ཕེན་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་365.85ལྷག་ཙམ་ཟིན་ནས་དུས་མཚུངས་ལས་10.1%འཕར་ཏེ། ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་ཕུད་པའི་སི་ཕེན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་དང་པོར་བརྟན་པོར་གནས་ཡོད།
“ཀྲུང་གོ་ནི་མ་འོངས་པར་མེད་དུ་མི་རུང་བའི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཡིན”སི་ཕེན་གྱི་དཔལ་འབྱོར་དང་། ཚོང་དོན། ཁེ་ལས་བཅས་ཀྱི་པུའུ་ཀྲང་ཁཱ་ལུའོ་སི·ཁུར་པོས། སི་ཕེན་ཚུད་པའི་ཡོ་རོབ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པ་དེ་ཕྱོགས་གཉིས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་གལ་འགངས་ཆེན་པོ་ཡོད་ཅེས་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།