ཞིང་ལས་ལག་རྩལ་ཁྱབ་གདལ་བཏང་ནས་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་རམ་འདེགས་བྱེད་པ།
ད་ལོ་ནི་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་ཁྱབ་གདལ་ཞབས་ཞུ་དངོས་སུ་བཙུགས་ནས་ལོ་ངོ་100འཁོར་བའི་ལོ་རེད། མི་རིང་བའི་གོང་འཚོགས་པའི་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་ཁྱབ་གདལ་གཟའ་འཁོར་སྐབས་དང་པོ་དང་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་ཁྱབ་གདལ་མཐུན་ཚོགས་ཀྱི་སྐབས་ང་བརྒྱད་པའི་ལོ་ཚོགས་ཐོག་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་པུའི་པུའུ་ཀྲང་སི་ཐིང་ཧེ་སེན་གྱིས། ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཁྲོད་དུ་ཞིང་ལས་ཀྱིས་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་དེ་ཞིང་དུད་མང་པོའི་འཚོ་རྟེན་དང་འབྲེལ་བ་ཡོད། ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་དང་། འབྲུ་རིགས་བདེ་འཇགས། ཤེས་བྱ་དང་ལག་རྩལ་གཞན་སྒྱུར་བཅས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུར་གཞོལ་བཞིན་ཡོད་ཅེས་བརྗོད།
སྐབས་འདིའི་ཚོགས་འདུར“གསར་གཏོད་དང་ལག་རྩལ་ལ་བརྟེན་ནས་ཞིང་ལས་ཁྱབ་གདལ་དང་བློ་འདྲིའི་ཞབས་ཞུ་ལེགས་སུ་བཏང་ནས་རྒྱུན་མཐུད་ཆོག་པའི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། འཚོ་རྟེན་ལེགས་སུ་གཏོང་བ། འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པ”བཅས་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ལག་རྩལ་ཁྱབ་གདལ་གཏོང་མཁན་དང་ཞིང་ལས་ལས་ཞུགས་པའི་དབར་གྱི་འབྲེལ་གཏུག་དང་། མཉམ་ལས། ཤེས་བྱ་མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་བ་བརྒྱུད། ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད། ཉེ་བའི་ལོ་ཤས་རིང་། ལྷོ་ཨ་ཧྥེ་རི་ཁས་ཞིང་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་མི་མེད་གནམ་གྲུ་དང་། རྒྱང་ཚོར་ལག་རྩལ། རིག་ནུས་ཆུ་འདྲེན་མ་ལག་བཅས་ཞིང་ལས་ཁྲོད་དུ་བཀོལ་སྤྱོད་རྒྱ་ཁྱབ་བྱས་ཡོད། ཁྲོམ་ར་ཞིབ་འཇུག་སྒྲིག་གཞི་ཨའེ་ལི་སེན་གྱི་གྲངས་གཞི་ལས་མངོན་པར། 2020ལོ་ནས་2025ལོ་བར་ཁྲོམ་རར་ལྷོ་ཨ་ཧྥེ་རི་ཁའི་མི་མེད་གནམ་གྲུ་ཆུང་གྲས་ལོ་རེར་ཆ་སྙོམས་འཕར་ཚད་22.35%ཟིན་ཞིང་། སྔོན་དཔག་ལྟར་ན། 2025ལོར་ཁྲོམ་རའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་1.38ཟིན་རྒྱུ་རེད། ཞིང་ལས་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་ཐད་ལྷོ་ཨ་ཧྥེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག“ཞིང་པའི་ཞིང་ནང་སློབ་གྲྭའི”རྣམ་གྲངས་ལག་བསྟར་བྱས་པ་དང་། 2025ལོར་ལས་རོགས་ཞིང་ལས་ལག་རྩལ་པ་260མང་དུ་བཏང་ནས་ཞིང་དུད་ལ་ལག་རྩལ་མཛུབ་ཁྲིད་བྱས་ཏེ། སྔོན་ཐོན་ལག་རྩལ་དོན་དངོས་ཀྱི་ཐོན་སྐྱེད་ཁྲོད་དུ་བཀོལ་སྤྱོད་ཐུབ་པར་རོགས་རམ་བྱ་རྩིས་ཡོད་པ་རེད།
ཀྲུང་གོའི་ཞིང་ལས་ལག་རྩལ་གྱིས་རང་ས་ཅན་གྱི་ལག་ལེན་བརྒྱུད། ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་ལ་རམ་འདེགས་བྱས་ཤིང་། ཧའོ་ཏེང་ཞིང་ཆེན་ཞིང་ལས་སྡེ་ཚན་གྱི་དཔོན་རིགས་ལཱ་མོ་ཁོ་ཕུའུ་ཡིས། མིག་སྔར་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ལ་འགྲན་སློང་གསར་པ་རྒྱུན་ཆད་མེད་པར་འཕྲད་བཞིན་ཡོད་པ་དང་། ཞིང་ལས་ལག་རྩལ་མཉམ་ལས་ཁྲོད་དུ་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་ཐོབ་པའི་གྲུབ་འབྲས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔྱད་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།