དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་རྩེར་སོན་རིག་མཛོད་ཀྱིས།

    《སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་སྙན་འཇེབས་རོལ་དབྱངས་རྩོམ། ཀྲུང་གོའི་བོད་ལྗོངས་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན》ཞེས་པའི་རིག་མཛོད་སྙན་ཞུ་མཉམ་དུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-18

    འདི་ནི་ཟླ་10ཚེས་16ཉིན། པེ་ཅིང་དུ་གཉེར་བའི“བོད་ལྗོངས་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན”གྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུར་ཚོགས་ཞུགས་སྐུ་མགྲོན་གྱིས《སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་སྙན་འཇེབས་རོལ་དབྱངས་རྩོམ། ཀྲུང་གོའི་བོད་ལྗོངས་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན》ཞེས་པའི་རིག་མཛོད་སྙན་ཞུར་ལྟ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་རྩེར་སོན་རིག་མཛོད་ཀྱིས་པེ་ཅིང་དུ་རྒྱ་ཡིག་དང་དབྱིན་ཡིག་པར་མའི་རིག་མཛོད་སྙན་ཞུ《སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་སྙན་འཇེབས་རོལ་དབྱངས་རྩོམ། ཀྲུང་གོའི་བོད་ལྗོངས་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན》ཞེས་པ་མཉམ་དུ་ཁྱབ་བསྒྲགས་བྱས་པ་རེད།

    1965ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དེ་ནི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་སུ་དུས་རབས་གསར་འབྱེད་ཀྱི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་པའི་ཆ་ནས། བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་རླབས་པོ་ཆེ་སྲ་བརྟན་དུ་བཏང་བ་དང་། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། སྙན་ཞུའི་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ནས་འགོ་བཙུགས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཆར་འགོད་བརྒྱུད་རིམ་ལྡན་པ་གནང་ཞིང་། བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་པ་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    སྙན་ཞུའི་གཞུང་དངོས་ལ་བོད་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་གྱི་གྲུབ་འབྲས་གཙོ་བོ་དང་། མཉམ་འདྲེས་ཐབས་ལམ། ཉམས་མྱོང་གི་བློ་སྐྱེད་བཅས་ཁག་གསུམ་དུ་ཕྱེ་ཡོད་ཅིང་། བོད་ཀྱི་མཚོན་རྟགས་རང་བཞིན་གྱི་གྲོང་གསེབ་ལྟ་ཞིབ་བྱེད་ཡུལ་དུ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཞི་རིམ་དུ་ལག་བསྟར་བྱས་ཚུལ་གྱི་ཐབས་ལམ་ལ་དབྱེ་ཞིབ་ཟབ་མོ་བྱས་ནས། རང་ངོས་ཀྱི་རིག་གནས་ཁྱད་ཆོས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་སྦྲགས། དེང་རབས་ཅན་གྱི་ཕྱོགས་སྒྱུར་མངོན་འགྱུར་ཡོང་རེ་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་དག་ལ་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་བཟང་པོ་མཁོ་འདོན་བྱས་པ་རེད།

    སྙན་ཞུའི་ནང་ངོས་འཛིན་བྱས་དོན། བོད་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་གྱི་གྲུབ་འབྲས་གཙོ་བོའི་ནང་། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་། རིག་གནས་སྲུང་སྐྱོང་གང་ལེགས། དམངས་འཚོ་འགན་སྲུང་དང་སྤུས་ཚད་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་ཚུད་ཡོད། བོད་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་མཉམ་འདྲེས་ཀྱི་ཐབས་ལམ་ནི། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྤུས་འབྲས་ལེགས་གཉེར་དང་། གསོན་ཉམས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས། ཐོན་ཁུངས་གསར་སྤེལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས། དཔུང་ཁག་གིས་སྣེ་ཁྲིད་དང་ཐུན་མོང་ལ་ཕན་འདོགས་པ་བཅས་རེད། བོད་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་གྱི་ཉམས་མྱོང་གི་བློ་སྐྱེད་གཙོ་བོའི་ཐད། སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པ་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བའི་རིན་ཐང་གི་རྣམ་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པ་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས། ཕྱོགས་ཡོངས་ནས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དམིགས་ཚད་ཀྱི་ཁ་ཕྱོགས་སུ་བྱེད་པ་བཅས་རེད།

    སྙན་ཞུའི་ནང་བསྟན་དོན། བོད་ཀྱི་གྲོང་གསེབ་དར་རྒྱས་ནི་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། བོད་ཀྱི་གྲོང་སྡེའི་འཕོ་འགྱུར་ལས་ང་ཚོར་བློ་སྐྱེད་ཕུན་སུམ་ཚོགས་པོ་ཞིག་བྱུང་བ་སྟེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ལ་བརྟེན་ན་ད་གཟོད་ལོ་ངོ་སྟོང་གི་མཆོང་སྐྱོད་མངོན་འགྱུར་ཐུབ་པ་དང་། རིག་གནས་བླ་སྲོག་ཏུ་འཛིན་པའི་དེང་རབས་ཅན་ལ་བརྟེན་ན་ད་གཟོད་ཡར་རྒྱས་རྒྱུན་ཆད་མེད་པར་ཡོང་བ། མཐུན་སྒྲིལ་རྩ་འཛིན་དུ་བྱེད་པའི་གཅིག་མཐུན་ཚོགས་པར་བརྟེན་ན་ད་གཟོད་གཟི་བརྗིད་མཉམ་སྤྱོད་བྱེད་ཐུབ། དེ་དག་ལས་འཛམ་གླིང་ལ། དེང་རབས་ཅན་ནི་ནུབ་ཕྱོགས་ཅན་དུ་འགྱུར་བ་གཏན་ནས་མིན་པར། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རང་ངོས་ཀྱི་ཞིང་སར་རྩ་བ་ཚུགས་པ་དང་། མ་འོངས་པར་ཁ་ཕྱོགས་ནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་ཡིན་ལུགས་གསལ་པོར་བསྟན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།