བདེ་སྐྱིད་ཕུན་སུམ་ཚོགས་པའི་ས་མཐོ།
རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”དམངས་འཚོ་ལེགས་གཏོང་སྐོར་གྱི་སྒྲིལ་གླེང་།
ལེ་ཚན་གཏོད་པའི་གཏམ།
“ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུ་ལ་ཉེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲ་སྒྲིག་ཨང་གསར་བྱེད། མཐའ་མའི་རྒྱལ་ཁ་ལེན་པའི་དུས་མཚམས་འདིར་བསམ་བློའི་གོ་རྟོགས་དང་འགན་འཁྲི་སྒྲུབ་སེམས་གང་ལེགས་མངོན་གྱི་ཡོད།
ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་བཀའ་དྲིན་ཚོར་བཞིན་འབད་འབུངས་མདུན་སྐྱོད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་ནས། “དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ། གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་བཏང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ལེགས་པར་བསྒྲུབས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི” འགོ་ཡག་པོ་འཛུགས་ཆེད་རྨང་གཞི་བརྟན་པོ་འདིང་བར་དོན་སྙིང་གལ་ཆེན་ལྡན་ཡོད། གོང་མཐུད་འོག་འདྲེན་གྱི་མཚམས་ཚིགས་གལ་ཆེན་དེར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་མ་ཐག་པའི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་འཐབ་སྙིང་སྟོབས་ཐོག་ནས། ལག་བསྟར་དང་དོན་འཁྱོལ་བྱེད་མཁན་གྱི་བྱ་སྤྱོད་པ་དང་དངོས་སྒྲུབ་པ་ཞིག་ཧུར་ཐག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།
དེ་རིང་ནས་བཟུང“‘དོན་ཆེན་བཞིར’དམིགས་པ་དང‘འཛུགས་གཏོད་བཞིར’ཤུགས་རྒྱག་པ། ——‘ལོ་ལྔ་ཚན་བཅུ་བཞི་པའི’མཐའ་མའི་རྒྱལ་ཁ་ལེན་པའི་བོད་ཀྱི་རྒྱུགས་ལན”ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ཏེ། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་སྐོར་གྱི་གནས་ཚུལ་སྤེལ་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དྲོ་སྐྱིད་ལྡན་པའི་འཕོ་འགྱུར་ཟིན་ཐོར་འགོད་པ། ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དངོས་འཛིན་དངོས་སྒྲུབ་བྱས་པའི་སྙིང་སྟོབས་མངོན་པ་བཅས་བྱས་ནས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་ཤིང་ལྟ་ན་སྡུག་པའི་བོད་ཀྱི་ལེའུ་གསར་རྩོམ་པའི”སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་ཡིན།
དམངས་འཚོ་ནི་མི་དམངས་བདེ་སྐྱིད་ཀྱི་རྨང་གཞི་དང་སྤྱི་ཚོགས་འཆམ་མཐུན་གྱི་གཞི་རྩ་རེད། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དོ་མཉམ་བྱུང་བ་ནས་སྤྱི་ཚོགས་འགན་བཅོལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པའི་བར་དང་། དེ་ནས་སྡོད་ཁང་འགན་སྲུང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པའི་བར་གྱི་དམངས་འཚོའི་བྱ་བ་དངོས་ཚང་མ་ནི་དམངས་སེམས་ཕྱོགས་ས་རེད་ལ། འཕེལ་རྒྱས་ཀྱི་གནད་འགག་དེ་བས་ཀྱང་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། དངོས་དངོས་རྗེན་རྗེན་གྱི་ནུས་པ་བཏོན་ནས་མིག་མཐོང་ལག་ཟིན་ཐུབ་པའི་འགྱུར་ལྡོག་ཡོང་བར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་འགྲོ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱས་ཡོད།
སློབ་གསོའི་སྤུས་ཚད་མཐོ་རུ་བཏང་བ།
“སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོར་འགྲོ་རྒྱུ་བྱུང་བའི”བར།
“དེ་སྔོན་སློབ་གྲྭའི་ཆ་རྐྱེན་ཡག་པོ་མེད་པས་སློབ་གསེང་གི་བྱེད་སྒོ་མང་པོ་མེད། ད་ཆ་རྩིས་འཁོར་གྱི་སྒྲིག་རིམ་དང་3Dདཔེ་དབྱིབས་བཟོ་འགོད་སོགས་དགའ་མོས་འཛིན་གྲྭ་བཀོད་སྒྲིག་བྱས་པ་ལས། འཛམ་གླིང་གསར་པའི་སྒོ་མོ་ཕྱེ་བའི་ཚོར་སྣང་ཞིག་བྱུང་ལ་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་སོང”ཞེས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སློབ་འབྲིང་གི་སློབ་མ་ཚེ་རིང་གཡང་འཛོམས་ཀྱིས་བརྗོད།
ཚེ་རིང་གཡང་འཛོམས་ལ་མྱོང་ཚོར་བྱུང་བའི་འགྱུར་ལྡོག་དེ་དག་ཀྱང་། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱིས་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་བར་དམིགས་ནས། ཐོན་ཁུངས་མ་འཇོག་དང་། དགེ་རྒན་འཛུགས་སྐྱོང་། སྒྱུར་བཅོས་གསར་གཏོད་སོགས་གང་ས་ཅི་ཐད་ནས་ཤུགས་བརྒྱབ་པས། སྤུས་ལེགས་སློབ་གསོའི་ཉི་འོད་ས་མཐོའི་ཁྱིམ་ཚང་དེ་བས་མང་པོར་འཕྲོས་ཡོད། དེའི་རིང་ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་སུ་རིམ་རྩིས་བརྒྱབ་ན་རྣམ་གྲངས་ཁག་1200ལྷག་ཙམ་ལག་ལེན་བསྟར་བ་དང་། མ་དངུལ་སྒོར་དུང་ཕྱུར་120དོན་འཁྱོལ་བྱས་པ། སློབ་གནས་ཁྲི་7.6ལྷག་ཙམ་མང་དུ་བཏང་བ། རྫོང(ཆུས)32ལ་རྫོང་ཁོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གྱི་སྤྱི་ཕན་རྒྱལ་ཁབ་ཀྱི་ཚོད་སྐོར་ཁས་ལེན་བདེ་བླག་བྱུང་ཡོད།
—— སློབ་གསོར་འགན་སྲུང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། “འགན་ལེན་གསུམ”གྱི་གྲོན་དངུལ་གྱི་ཚད་གཞི་བསྟུད་མར་ཐེངས་བཞི་མཐོ་རུ་བཏང་རྫེས། སློབ་གསོའི“འགན་ལེན་གསུམ”གྱི་ལོ་རེའི་སློབ་མ་རེའི་ཆ་སྙོམས་གྲོན་དངུལ་ཚད་གཞི་སྒོར་5700(གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་སྒོར1000ཚུད་པ)ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་156.8དོན་འཁྱོལ་བྱུང་བ། སློབ་མ་ཁྲི་355.2ལ་ཕན་པ་ཐོབ་པ། ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་བྱུང་བ། ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་གཏོང་འཆར་གཞིར་མུ་མཐུད་སྐུལ་མ་ཐེབས་ཏེ། གྲོན་དངུལ་ཁ་གསབ་ནས་འཚོ་བའི་སེམས་ཁུར་བར་ཕྱོགས་ཡོངས་ནས་འགན་སྲུང་བྱས་པ་ལས་ས་མཐོའི་སློབ་མ་དེ་བས་བློ་བདེ་པོའི་སྒོ་ནས་སློབ་གྲྭ་འགྲིམ་རྒྱུ་བྱུང་ཡོད།
—— དགེ་རྒན་དཔུང་ཁག་འཛུགས་སྐྱོང་ནི་སློབ་གསོའི་སྤུས་ཚད་མཐོར་གཏོང་གི་འདེགས་སྐྱོར་གཙོ་བོ་ཞིག་ཡིན་པ། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ལྗོངས་ཡོངས་ཀྱིས་གཞུང་བསྡུ་དང་དགེ་འོས་སློབ་མ་ལས་ཞུགས་སོགས་ཀྱི་ཐབས་ལམ་བརྒྱུད་དགེ་རྒན་ཁྲི་1.05ཁ་གསབ་བྱས་ཏེ། ས་བབ་མཐོ་ཞིང་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གྲྭ་དང་གྲོང་གསེབ་ཀྱི་སློབ་གྲྭ་གཙོ་གནད་དུ་བཟུང་ནས་གཟིགས་སྐྱོང་བྱས་པ་དང་། འོས་འགན་སློབ་གསོའི་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་5733སློབ་གྲྭ་སྒྲོལ་ནས་སྤེལ་རེས་དང་ལས་གནས་རེས་མོས་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་བ། སྒོར་དུང་ཕྱུར་3.02བཏང་ནས་དགེ་རྒན་མི་ཐེངས་ཁྲི་16.27ལ་གསོ་སྦྱོང་བྱས་ནས་དགེ་རྒན་དཔུང་ཁག་གི་ཆེད་ལས་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ཡོད།
—— སྒྱུར་བཅོས་གསར་གཏོད་ནི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་པ།“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱིས་གྲངས་འཛིན་སློབ་གསོ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། མིག་སྔར་ལྗོངས་ཡོངས་ཀྱི་རྫོང(ཆུས)ཚང་མར་སློབ་གསོ་ཆེད་གཉེར་དྲ་བ་ཡོངས་སུ་ཁྱབ་པ་དང་། སློབ་གྲྭ་འབྲིང་ཆུང་གི་བརྒྱུད་ལམ་སྣེ་མང་སློབ་ཁྲིད་མཐའ་སྣེའི་སློབ་ཁང་ཁྱབ་ཚད་100%ཟིན་པ། རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་རིག་ལྡན་སློབ་གསོའི་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁས་ལེན་དཔང་འདོན་བྱེད་ཚད་99.68%ཟིན་པ། སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ལས་སྟེགས་སུ་འདྲི་རྩད་བྱེད་ཐེངས་དུང་ཕྱུར་2.56ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ཨང་8པར་སླེབས་ཡོད། མཐའ་མཚམས་རྫོང་དང་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གྲྭས“21+21”གི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཡོངས་ཁྱབ་འདུ་འགོད་གསར་གཏོད་ལག་བསྟར་བྱས་པར་དམིགས་ཏེ། སློབ་གསོ་ཆ་འཕྲིན་ཅན་གྱི་དཔེ་སྟོན་སློབ་གྲྭ་21གིས་མཐའ་མཚམས་རྫོང་གི་སློབ་གྲྭ་21ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་1500ཙམ་དྲ་ཐོག་ནས་མཉམ་སྤྱོད་ཐུབ་ཡོད།
བྱ་ཐབས་རབ་དང་རིམ་པའི་སྐུལ་འདེད་འོག རང་ལྗོངས་ཀྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2024ལོར། ལྗོངས་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཀུན་ཕན་བྱུང་ཚད་100%ཟིན་པ་དང་། བྱིས་གསོ་ཁང་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་91.33%ཟིན་པ། ལྗོངས་ཡོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་བྱུང་ཚད་97.86%ཟིན་པ། སློབ་ལོ་ལོན་པའི་དབང་པོ་སྐྱོན་ཅན་བྱིས་པ་དང་ལོ་ཆུང་གི་འོས་འགན་སློབ་གསོ་བཀོད་སྒྲིག་བྱེད་ཚད་97%ལས་བརྒལ་བ། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་ཞུགས་བྱེད་ཚད་91.56%བར་འཕར་ཡོད།
སྤྱི་ཚོགས་འགན་སྲུང་།
“གཞི་རྩ་འགན་སྲུང”ནས“ཡོངས་ཁྱབ་བྱུང་བའི”བར།
“ཟླ་རེའི་རྒན་གསོའི་དངུལ་དུས་ཐོག་ཏུ་གཱ་ནང་བླུགས་ཀྱི་འདུག ལོ་ན་མཐོ་བའི་ཁ་གསབ་ལེན་རྒྱུ་ཡོད་ལ། སྨན་ཁང་དུ་བསྡད་པའི་སྨན་རིན་ཡང་རྩིས་ཞུ་བྱེད་ཀྱི་འདུག་པས། འཚོ་བར་སེམས་ཁྲལ་གང་ཡང་མིན་འདུག”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་རྒད་པོ་མགོན་པོ་ཚེ་རིང་གིས་རང་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ་ལས་མང་ཚོགས་བློ་བདེ་པོ་བྱུང་བའི་སྐོར་བཤད།
“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱིས་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ་ལས། སྤྱི་ཚོགས་འགན་སྲུང་གི“བདེ་འཇགས་ཚོར་སྣང”ས་མཐོའི་མང་ཚོགས་དེ་བས་མང་བར་བྱུང་ཡོད། ལོ་ལྔའི་རིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་རྒན་གསོའི་དངུལ་གྱི་ཆུ་ཚད་རིམ་རྩིས་བརྒྱབ་ན་17.53%འཕར་ནས་ལོ་རེའི་ཆ་སྙོམས་འཕར་ཚད་3.5%ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་2020ལོའི་སྒོར་185ནས་2025ལོའི་སྒོར་295བར་མཐོ་རུ་ཕྱིན་ཏེ། “རྒན་གསོའི་དངུལ”བརྟན་པོའི་ངང་འཕར་ནས་རྒན་རྒོན་མང་ཚོགས་ཀྱི་འཚོ་བའི་རྨང་གཞི་དེ་བས་ཡག་ཏུ་ཕྱིན་ཡོད།
དེ་དང་ཆབས་ཅིག སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། 2025ལོའི་ཟླ་བ་8པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་རྒན་གསོ་དང་། ལས་རྨས། ལས་ཤོར་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི་380.63ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་32.26%འཕར་ཡོད། ཁེ་ལས་ཀྱི་ལས་བཟོ་ནས་སྟབས་བསྟུན་ལས་ཞུགས་བྱེད་མཁན་བར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ནས་ཞིང་འབྲོག་མང་ཚོགས་བར་བཅས། མང་ཚོགས་དེ་བས་མང་བར་སྲིད་ཇུས་ལས་བྱུང་བའི་འགན་སྲུང་གི་ཕན་པ་ཐོབ་ཡོད།
ད་ཆ་རང་ལྗོངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཞིང་སྒྲོལ་གཞན་སྒྱུར་བརྒྱུད་རིམ་ཧྲིལ་པོ་རྒྱུན་མཐུད་དྲ་ཐོག་ཅན་དུ་གྱུར་ཏེ། ལས་གཉེར་དུས་ཚོད་ཉིན་45ནས་ཉིན་15བར་ཐུང་དུ་ཕྱིན་ཡོད། མང་ཚོགས་ཕར་འགྲོ་ཚུར་འོང་ཉུང་ཙམ་བྱ་ཆེད། རང་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་དང་དངུལ་ཁང་དབར་གྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ཞིང་། དངུལ་རྩའི་སྒྲིག་གཞི་དང་མཉམ་འབྲེལ་བྱས་ཏེ་སྤྱི་ཚོགས་འགན་སྲུང་ལས་སྒོ་ཐག་ཉེ་སར“སྐར་མ་15ཡི་ཞབས་ཞུའི་ཁྱབ་ཁོངས”བསྒྲུབས་ནས། སྤྱི་ཚོགས་འགན་བཅོལ་ཐོ་འགོད་དང་མི་སྒེར་གྱི་ཁེ་དབང་ཟིན་འགོད་འདྲི་རྩད་སོགས་ཀྱི་ལས་སྒོ་དངུལ་ཁང་གི་དྲ་ཚིགས་བར་དུ་སྣུར་སྲིང་བྱས་ཏེ། མང་ཚོགས་ལ་སྒོ་འགྲམ་ནས་སྤུས་ལེགས་ཞབས་ཞུ་གཅིག་མཚུངས་ལོངས་སྤྱོད་ཐུབ་པར་བྱས་ཡོད།
སྡོད་ཁང་འགན་སྲུང་།
“སྡོད་སའི་ཁང་པ་ཡོད་པ”ནས“སྐྱིད་སྣང་དོད་པའི་ཁང་པར་སྡོད་རྒྱུ་བྱུང་བའི”བར།
“སྔོན་མ་སྲོལ་རྒྱུན་གྱི་ཤིང་ཁང་ལ་ཐིགས་པ་རྒྱག་པ་མ་ཟད། ད་དུང་ལྷག་པ་ཡང་འཚོག་གི་མེད། ད་ཆ་ཁང་པ་གསར་པར་མི་ཚང་མར་རང་ཉིད་ཀྱི་ཉལ་ཁང་དང་། གསང་སྤྱོད། ལོགས་སུ་བསྐྲུན་པའི་ཐབ་ཚང་སོགས་ཚང་མ་ཡོད”ཅེས་པའི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་རྡལ་བླ་གདན་ཞོལ་གྲོང་ཚོའི་ཡུལ་མི་བྱམས་པ་བསྟན་འཛིན་ཁྱིམ་གྱི་འགྱུར་ལྡོག་དེ་དག་ནི་རང་ལྗོངས་ཀྱི་སྡོད་ཁང་འགན་སྲུང་ལས་དོན་ལ་ཕན་འབྲས་ཐོན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
ཞིང་འབྲོག་པ་དེ་བས་མང་བ“བདེ་འཇགས་ཁང་པར”སྡོད་ཐུབ་ཆེད། རང་ལྗོངས་ཀྱིས་རྒྱལ་ཡོངས་གྲོང་གསེབ་ཀྱི་ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་ཆ་འཕྲིན་མ་ལག་ལ་བརྟེན་ནས་ཡོང་འབབ་དམའ་བའི་ཚོགས་སྤྱིའི་སྡོད་ཁང་བདེ་འཇགས་ཐད“འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་དུས་ཐོག་སྒྱུར་བཀོད”ལམ་སྲོལ་ལག་ལེན་བསྟར་ཏེ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་སྡོད་ཁང་བདེ་འཇགས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་བ་དང་ལྟ་ཞིབ་ཚད་ལེན་བྱེད་ཚད་100%ཟིན་ཡོད། “དུད་ཚང་གཅིག་ཤེས་རྟོགས་ཐུབ་ཚེ་དེར་སྒྱུར་བཀོད་བྱེད་རྒྱུ”དོན་འཁྱོལ་ནན་པོ་བྱས་ཏེ། སྡོད་ཁང་བདེ་འཇགས་ལས་བྱུང་བའི་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་མཐའ་གཅིག་ཏུ་བསལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་ཐད་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་10.34བཏང་ནས་ཉེན་ཆེའི་སྡོད་ཁང་ཁྲི་2.48སྒྱུར་བཀོད་དང་དུད་ཚང་ཁྲི་1.26ཡོམ་འགོག་སྒྱུར་བཀོད་བྱས་ཡོད།
གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་གི་དཀའ་གནད་ཞི་ལྷོད་ནུས་ལྡན་སོང་བ། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་53.8བཏང་ནས་ལས་ཤག་ཁྲི་1.1ལྷག་ཙམ་བསྐྲུན་པ་དང་། བོགས་གཏོང་གཞུང་ཁང་ཁྲི་1ལྷག་ཙམ་གསར་དུ་བསྐྲུན་པ། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་1775གསར་སྐྲུན(སྒྱུར་བཀོད)བྱས་པ། སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་ཁྲི་2.8ལྷག་ཙམ་སྒྱུར་བཀོད་བྱས་པ། ཁྱིམ་ཚང་ཁྲི་2.94ལ་བོགས་གཏོང་ཁ་གསབ་སྒོར་དུང་ཕྱུར་1ལྷག་ཙམ་སྤྲད་ཡོད།
ད་ཆ། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དང་། རྫོང་དང་ཤང་ཚང་མར་ཁྱབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་ཡོང་འབབ་དམའ་བའི་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལས་རིགས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་དང་། གསར་དུ་ལས་ཞུགས་དང་ལས་གཏོད་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མ། ལས་ཞུགས་བརྟན་པོ་བྱུང་བའི་ཕྱི་ནས་ཡོང་བའི་ལས་མི་སོགས་ཚོགས་སྤྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་ཁྱབ་ཁོངས་སུ་བཅུག་ནས། གྲོང་མི་གསར་པ་དང་གཞོན་ནུའི་སྡོད་ཁང་ཐད་ཀྱི་དཀའ་ངལ་ནུས་ལྡན་ངང་ཞི་ལྷོད་དུ་བཏང་ཡོད། དུས་མཉམ་དུ་སྐུལ་འདེད་བཏང་བའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་ཀྱིས་ཆུ་དང་། གློག ལམ་སོགས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་འགན་སྲུང་སྡོད་ཁང་ནང་སྡོད་ཐུབ་པར་བྱས་པ་མ་ཟད། སྐྱིང་སྣང་དོད་པོས་སྡོད་ཐུབ་པར་བྱས་ཡོད།
སློབ་གྲྭ་ནས་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་པ་ནས་སྤྱི་ཚོགས་འགན་སྲུང་གི་སེམས་རྩ་འཁོལ་ལ་སྟབས་བདེའི་ཞབས་ཞུའི་བར་དང་། ཡང་དེ་ནས་སྡོད་ཁང་གསར་པའི་དྲོ་སྐྱིད་ལྡན་པའི་འཚོ་བའི་བར་ལ“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱིས་འཕེལ་རྒྱས་ཁྲོད་དམངས་འཚོ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་བདེ་རྩ་འཕེལ་རྒྱས་ཀྱི་གོམ་སྟབས་ཚང་མར་མཉམ་འདྲེས་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།