དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-18

    ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་སྨན་རྫས་ལས་སྣོན་ཁང་གིས་ས་གནས་གཞན་དུ་གསར་སྐྲུན་བྱས་པའི་རྣམ་གྲངས(དུས་ཐེངས་དང་པོ)ཀྱི་ལས་ཡུལ་དུ་འཕྲུལ་ཆས་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པ་དང་། ཨར་པོ་བས་ས་ཚིགས་ཁག་ཏུ་ཚ་ཚ་འུར་འུར་ངང་ལས་ལ་བྲེལ་ཏེ་ནུས་ཤུགས་ཡོད་རྒུས་ལས་གྲྭའི་མྱུར་ཚད་ལ་སྐུལ་འདེད་གཏོང་བཞིན་ཡོད། རྣམ་གྲངས་ཀྱི་བཟོ་གྲྭ་བསྐྲུན་རྗེས་སྨན་རྫས་སྣ་ཁ་260ལྷག་ཙམ་ཐོན་སྐྱེད་ཐུབ་པ་དང་། ལོ་རེའི་ཐོན་སྐྱེད་ནུས་པ་ཏུན་30ལྷག་ཙམ་ཟིན་ཏེ་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཤང་དང་གྲོང་རྡལ་ཁག་གི་སྨན་རྩིས་ཁང་ལ་སྤུས་ལེགས་དང་སྣ་ཁ་འཛོམས་པའི་བོད་སྨན་མཁོ་འདོན་ཐུབ་རྒྱུ་མ་ཟད། བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་དང་གསར་གཏོད་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་རེད།

    ད་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རྣམ་གྲངས་ཆེན་པོར་དམ་འཛིན་བྱ་རྒྱུ་དེ་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ལ་བརྩིས་ནས་ཁ་ཕྱོགས་གསལ་སྟོན་དང་། དམིགས་ཚད་གཏན་འཁེལ། འགན་འཁྲི་ནན་དཀྲི་བཅས་བྱེད་པ་དང་། གཙོ་གནད་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། ལོ་འཁོར་མོར་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཆར་གཞི་501འདིང་བ། མ་འཇོག་ལས་འགན་དུས་ཚིགས་དང་ཟླ་བ་ལྟར་ཞོར་གཏོགས་རྣམ་གྲངས་ལ་བགོ་བ། “ཉིན་རེར་རྩིས་བཤེར་བྱེད་པ་དང་། གཟའ་འཁོར་རེར་བཀོད་གཏོང་བྱེད་པ། ཟླ་རེར་བརྡ་ཁྱབ་གཏོང་བ”བཅས་ཀྱི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་འགུལ་རྣམ་རྗེས་སྙེག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྣམ་གྲངས་མགྱོགས་མྱུར་བསྐྲུན་པར་སྐུལ་འདེད་བཏང་ཡོད། ཟླ་བ་8པའི་བར་གྲོང་ཁྱེར་ཡོངས་ཀྱི་ལོ་འཁོར་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་424ལས་འགོ་བཙུགས་པ་མ་ཟད། ལས་འགོ་ཚུགས་ཚད་85%ཟིན་ཡོད།

    རྣམ་གྲངས་ཀྱི་དུས་འགོའི་ལས་དོན་མགྱོགས་སུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཆར་འགོད་དང་སྐུལ་འདེད་གཏོང་བའི་དུས་འགོའི་ལས་དོན་གྱི་ཆེད་བསྐོས་ཚན་ཁག་བཙུགས་པ་དང་། གཙོ་གནད་རྣམ་གྲངས་ཀྱི་སྤུས་ལེགས་དུས་འགོའི་ལས་དོན་གྱི་བྱེད་པོའི་མཛོད་བཙུགས་པ། “ཉིན་དེ་གར་བདག་སྤྲོད་དང་། ཉིན་གསུམ་རིང་དཔྱད་ཞིབ། ཉིན་ལྔ་ནས་སྙན་ཞུ་འདོན་པ། ཉིན་བདུན་ནང་ཆོག་མཆན་སྤྲོད་པ”བཅས་ཀྱི་ལམ་སྲོལ་བཙུགས་པ། གྲངས་ཚང་གི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་ཞིབ་མཆན་དབང་ཆ་གཤམ་སྤྲོད་དང་། གཅིག་སྡུད་ཞིབ་མཆན། མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆོག་མཆན་སོགས་ཀྱི་བྱ་ཐབས་མུ་མཐུད་ཟབ་ཏུ་བཏང་བ་བཅས་བྱས་ཏེ་ཞིབ་མཆན་གྱི་ལས་ཕྱོད་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།

    མ་དངུལ་འགན་སྲུང་ཐད་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་དམ་པོར་དམིགས་པ་དང་གོང་དང་འབྲེལ་བ་བྱས་ནས་མ་དངུལ་བརྩོན་ལེན་བྱས་ཏེ་ལོ་འཁོར་དུ་རིམ་བརྩིས་བརྒྱབ་ན་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་དང་། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན། སྤྱིར་བཏང་བུན་འཛིན། “གལ་ཆེན་གཉིས”(རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང)ཀྱི་དུས་ཡུན་ཆེས་རིང་བ་དང་ལྷག་པར་དུ་རྒྱལ་བུན་སོགས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་36.21དོན་འཁྱོལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།