ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པ་དང་། གྲོང་གསེབ་འཕེལ་རྒྱས་དང་འབྲུ་རིགས་མ་ལག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་བཏོན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རང་ངོས་ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས་མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་འབྲེལ། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ནས། འཛམ་གླིང་གི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱ་ཆེད་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོས་སྔར་རྒྱུན་བཞིན་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་འབྲུ་རིགས་དང་ཞིང་ལས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་1945ལོའི་ཟླ་10ཚེས་16ཉིན་བཙུགས་པ་དང་། ཀྲུང་གོ་ནི་རྩ་འཛུགས་དེའི་འཛུགས་གཏོད་ཁོངས་མིའི་རྒྱལ་ཁབ་རེད།
འབྲེལ་ཡོད་གསར་འགྱུར།