ཚེས་15ཉིན་ཀོང་ཀྲོའུ་རུ“གནམ་འོག་གཉིས་ཕན། ཀོང་ཏུང་གི་ལོ་ངོ་སྟོང་གི་ཕྱི་ ཕྱོགས་ཚོང་དོན”ཞེས་པའི་འགྲེམས་སྟོན་འགོ་ཚུགས་པ།
ཀོང་ཏུང་གི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་རིམ་ཆ་ཚང་མངོན་པ།
ཚེས་15ཉིན“གནམ་འོག་གཉིས་ཕན། ཀོང་ཏུང་གི་ལོ་ངོ་སྟོང་གི་ཕྱི་ཕྱོགས་ཚོང་དོན”ཞེས་པའི་འགྲེམས་སྟོན་དེ་ཀོང་ཏུང་ཞིང་ཆེན་རྟེན་མཛོད་ཁང་དུ་དངོས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཀོང་ཏུང་ཞིང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་དང་ཀོང་ཏུང་ཞིང་ཆེན་རྟེན་མཛོད་ཁང(ཀོང་ཀྲོའུ་ལུའུ་ཤུན་དྲན་གསོ་ཁང)གིས་གཉེར་འགན་ཁུར་བ་དང་། ཀོང་ཏུང་ཞིང་ཆེན་རྟེན་མཛོད་ཁང་དང་དེ་བཞིན་རྒྱལ་ཡོངས་ཀྱི་རིག་གནས་དང་རྟེན་མཛོད་ཁང་མང་པོ་ཞིག་གིས་ཉར་ཚགས་བྱས་པའི་རིག་དངོས་200ལྷག་ཙམ་བདམས་ནས་ཀོང་ཏུང་གི་ལོ་ངོ་སྟོང་གི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་རིམ་གཙོ་གནད་དུ་བྱས་ཏེ། ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་ལོ་རྒྱུས་ཐོག་གི་ཀོང་ཏུང་གི་ཐུན་མོང་མ་ཡིན་པའི་གནས་བབ་དང་ཤུགས་རྐྱེན་ཟབ་མོ་ཕྱོགས་ཡོངས་ནས་མངོན་ཏེ། ལོ་ངོ་སྟོང་ལས་བརྒལ་བའི་མཚོ་ཐོག་ཚོང་དོན་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཤིག་འགོ་ཚུགས་ཡོད།
ད་ཐེངས་ཀྱི་འགྲེམས་སྟོན་དེ་ཕྱི་ཕྱོགས་ཉོ་ཚོང་གི་ཕན་པ་དང་། ཚོང་གྲུ་མཉམ་འཛོམས། ཀྲུང་ཕྱི་མཉམ་འདུས། རླབས་རྒྱུན་གྱི་ལེའུ་གསར་པ་བཅས་ལེའུ་ཆེན་པོ་བཞི་རུ་དབྱེ་ནས་ཀོང་ཏུང་གི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་རིམ་ཆ་ཚང་མངོན་ཡོད།
འགྲེམས་སྟོན་ནང་རྩ་ཆེའི་རིག་དངོས་མང་པོ་འདུས་པ་དཔེར་ན། གནའ་བོའི་ཀོང་ཏུང་དང་ཀོང་ཤིས་རྒྱལ་ཕྲན་གྱི་ཕོ་བྲང་གི་རྗེས་ཤུལ་ནས་ཐོན་པའི་ཐང་རྒྱལ་རབས་ཀྱི་རུས་བརྐོས་སྐུ་བརྙན་དང་། ཡོན་རྒྱལ་རབས་ཀྱི་རྫ་ཆས་སྔོན་པོར་མི་སྣའི་རི་མོ་བཀོད་པའི་གཡང་ཊིའི་བུམ་པ། ལེང་ཀྲོང་རྒྱལ་པོའི་བང་སོ་ནས་ཐོན་པའི་གསེར་ཊམ། ཆིང་རྒྱལ་རབས་ཀྱི་ཆན་ལུང་དུས་ཀྱི་ཞིང་ལས་ཚོང་དོན་རི་མོ་སོགས་འདུས་པ་མ་ཟད། ད་དུང་ཚད་ལྡན་ཡིག་ཆ་དང་། རེའུ་མིག ཡུལ་ལྗོངས་སླར་གསོ། བརྒྱུད་ལམ་སྣེ་མང་མཉམ་འགུལ་བཅས་དང་ཟུང་འབྲེལ་བྱས་ནས་ཚོང་དོན་གྱི་རྣམ་པ་གསོན་ཉམས་དོད་པོས་སླར་གསོ་བྱས་ཡོད།
འགྲེམས་སྟོན་ཐོག་ད་དུང་ཐུག་རེས་མཉམ་འགུལ་བརྙན་ཡོལ་སྒྲིག་སྦྱོར་བྱས་ཡོད་པས། འགུལ་བརྙན་གྱི་རྣམ་པའི་ཐོག་ནས་ཀོང་ཏུང་ཕྱི་ཕྱོགས་ཚོང་དོན་གྱི་ལོ་རྒྱུས་གསལ་འགྲེལ་བྱས་ཏེ་འགྲེམས་སྟོན་ལ་ལྟ་བའི་སྤྲོ་སྣང་རང་བཞིན་ཆེ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།