དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཤིན་སྐྱོར་རྣམ་གྲངས་ཀྱི་མ་དངུལ་བཅུ་ཆ་དགུ་ཙམ་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ།

    མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་ཡུང་། ཅང་ཡུན་ལུང་། ཝུའེ་ཀྲེ་ཀྲེ   |     སྤེལ་དུས།  2025-10-17

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲེ་ས་ཁུལ་ཧྲུའུ་ཧྥུའུ་རྫོང་ཝུའུ་ཁུའུ་ས་ཁེ་གྲོང་རྡལ་གྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཤིང་ཏོག་འབྲུག་སིལ་འདེབས་འཛུགས་རྟེན་གཞིའི་གྲལ་སྟར་འགྲིག་པའི་སྒྲོམ་སྐྱོར་སྟེང་། དམར་ཐིང་ཐིང་གི་ཤིང་ཏོག་འབྲུག་སིལ་གྱིས་ཁེངས་ཤིང་། སྨིན་ཟིན་པའི་འབྲུག་སིལ་དག་ཚོས་གཞི་ཡག་ལ་རྡོག་ཆེན་པོ་ཤ་སྟག་རེད་འདུག ཤིང་འབྲས་འདེབས་མཁན་ཞིང་པ་ཚོ་ཤིང་ཏོག་འཐུ་བར་བྲེལ་བ་དང་ཁོང་ཚོའི་ངོ་གདོང་ནས་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པ་མངོན་བཞིན་འདུག

    “དེ་སྔ་བརྙན་འཕྲིན་ནས་མ་གཏོགས་ཤིང་ཏོག་འབྲུག་སིལ་འདེབས་པ་མཐོང་མྱོང་མེད། ཀོང་ཀྲོའུ་ཡི་ཤིན་སྐྱོར་ལས་བྱེད་པའི་རོགས་རམ་འོག་ང་ཚོས་ཀྱང་འདེབས་ཐུབ་བྱུང” ཝུའུ་ཁུའུ་ས་ཁེ་གྲོང་རྡལ་ཆུང་པ་ཀེ་གྲོང་ཚོའི་ཡུལ་མི་ས་ཅི་ཏའེ·ཡུས་སུའུ་ཕུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཀོང་ཏུང་ནས་ཡོང་བའི་དགེ་རྒན་གྱི་ས་ནས་ཤིང་ཏོག་འབྲུག་སིལ་གྱི་འདེབས་འཛུགས་དང་གཡོག་བྱེད་ལག་རྩལ་སྦྱངས་པས་སྔོན་ཆད་དེར་རྒྱུས་མངའ་གང་ཡང་མེད་མཁན་ཞིག་ནས་ད་ཆ་ལག་རྩལ་བྱང་ཆུབ་པར་གྱུར་ཡོད་ཅེས་བརྗོད།

    ཀོང་ཀྲོའུ་ཡི་ཤིན་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ལུའོ་ལེང་གིས་ཝུའུ་ཁུའུ་ས་ཁེ་གྲོང་རྡལ་གྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་འདེབས་འཛུགས་དང་། ཐོན་སྐྱེད་ལས་སྣོན། ཕྱིར་ཚོང་། ཡུལ་སྐོར་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པ་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཏེ། ཉེ་འགྲམ་གྱི་མང་ཚོགས་7000ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་རེད། ཁ་གཏད་ཤིན་སྐྱོར་གྱི་གཙོ་གནད་ལ་དམ་པོར་དམིགས་ནས། ཤིན་ཅང་ལ་ཐོན་ལས་འཕེལ་རྒྱས་གཏོང་རོགས་དང་རྣམ་གྲངས་སྐྲུན་རོགས་བྱས་ཏེ་རྨང་གཞིའི་འཛུགས་སྐྲུན་དང་ལས་གནས་མཁོ་འདོན་བྱས་ཡོད། ཁེ་ཙི་ལེ་སུའུ་ཧོར་ཁེ་ཙི་རང་སྐྱོང་ཀྲོའུ་ཨ་ཁེ་ཐའོ་རྫོང་དུ་ཅང་ཤིས་ཀྱི་ཤིན་སྐྱོར་ལས་དོན་རུ་ཁག་གིས་འདམ་མྱུག་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་པས་དཔལ་འབྱོར་གྱི་ཕན་འབྲས་སྲིང་བལ་འདེབས་འཛུགས་ཀྱི་ལྡབ་5ཡན་ཟིན་ཡོད། ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཧུའུ་ཐུའུ་པི་རྫོང་དུ་ཧྥུའུ་ཅན་གྱི་ཤིན་སྐྱོར་ལས་དོན་རུ་ཁག་གིས་གློག་རྡུལ་ཚོང་དོན་ཚན་རྩལ་ཐོན་ལས་གླིང་བསྐྲུན་ནས་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་མ་གནས་30%ཡན་དམའ་རུ་བཏང་ཡོད། ཨ་ལེ་ཐའེ་ས་ཁུལ་དུ་ཧེ་ལུང་ཅང་གིས་གངས་འཁྱཌ་ལུས་རྩལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ཐག་རིང་ནས་ཡོང་བའི་ཧེ་ལུང་ཅང་གི་རྩལ་ཁྲིད་པ་ཚོས་རང་ཉིད་ཀྱིས་ཤེས་པ་ཚང་མ་བསླབས་ཡོད།

    དུས་རབས་གསར་པར་ཁ་གཏད་ཤིན་སྐྱོར་ལས་དོན་སྤུས་ཚད་མཐོ་པོས་སྤེལ་ཚུན། ཤིན་སྐྱོར་ཞིང་ཆེན་19ཡིས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་ཕྱོགས་ཡོངས་དང་རིམ་པ་མང་པོས་ཐོན་ལས་ཤིན་སྐྱོར་དང་། རིག་སྟོབས་ཤིན་སྐྱོར། རིག་གནས་ཤིན་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། ཐེན་ཧྲན་རི་བོའི་ལྷོ་བྱང་གི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་ནས་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཤིན་སྐྱོར་རྣམ་གྲངས་ཀྱི་མ་དངུལ་89.2%དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ་དང་91.3%གཞི་རིམ་དུ་བཏང་ནས་ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཤིན་སྐྱོར་གྱིས་འཕེལ་རྒྱས་ལ་རོགས་རམ་བྱེད་པ་དང་ཆབས་ཅིག་ཤིན་སྐྱོར་བཀོད་འདོམས་པུའུ་ཁག་གིས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཚང་མའི་སེམས་པ་དེ་བས་གཅིག་མཐུན་དང་བརྩེ་སེམས་དེ་བས་ཟབ་ཏུ་བཏང་ཡོད།

    “མིག་སྔར་ནན་ཅིང་དང་དབྱི་ཉིང་ས་ཁུལ་གཉིས་པོའི་གཞོན་ནུ་ལོ་ཆུང་ཁྲི་20ལྷག་ཙམ་གྱིས་ལེ་དབར་ཁྲི་ཡིས་ཆོད་པའི་བརྩེ་སེམས་ཟབ་མོར་བརྟེན་ནས་ལག་གདང་སྦྲེལ་ཏེ་འཕྲིན་ཡིག་སྐུར་རེས་བྱས་ནས་གྲོགས་པོ་བསྒྲིགས་པ་དང་། དབྱར་སྒར་དང་དགུན་སྒར་སོགས་ཀྱི་བྱེད་སྒོར་ཞུགས་ཏེ། མི་ཁྲི་11.2ས་ཆ་གཞན་དུ་ལྟ་སྐོར་དང་སློབ་སྦྱོང་ལ་བསྐྱོད་ཡོད། ཚན་རིག་ཁྱབ་གདལ་གྱི་སློབ་གསོ་དང་དེང་རབས་ཤེས་དཔལ་གྱི་སློབ་གསོ་མི་ཁྲི་30ལ་ཁྱབ་ཡོད”ཅེས་དབྱི་ལི་ཀྲོའུ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཅང་སུའུ་ཞིང་ཆེན་གྱིས་དབྱི་ལིར་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་བཀོད་འདོམས་པ་ཀྲའོ་ཆིན་ཧུང་གིས་བཤད།

    འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཞུགས་མཁན་ཇེ་མང་དུ་འགྲོ་བ་མ་ཟད། ཁྱབ་རྒྱ་ཆེ་རུ་དང་ནང་དོན་གཏིང་ཟབ་ཏུ་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད།

    “ང་ཚོས་ཁ་ཧྲེ་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་4800ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་མཉམ་འདྲེས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ཡོད། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བར་བལྟས་ཏེ་ཁོང་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་བྱས་རྗེས་འཇོག་པའི་ཕུགས་འདུན་དང་སྒུལ་ཤུགས་འཕེལ་བར་བྱས་ཡོད། རྨ་ཆུ་རྒྱ་མཚོར་འདྲེས་མཚམས་སུ་གཅིག་གྱུར་གྱི་ཁྱིམ་ཞེན་རྒྱལ་ཞེན་ཚོར་བར་བྱས་ཡོད། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཅི་ནན་ལྟེ་གནས་དང་ཆིང་ཏའོ་རྒྱལ་ཁབ་མཚོ་གཏིང་རྟེན་གཞི་དོ་དམ་ལྟེ་གནས་སུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་རླབས་པོ་ཆེ་དངོས་སུ་ཚོར་ཐུབ་པར་བྱས་ཡོད”ཅེས་ཧྲན་ཏུང་ཞིང་ཆེན་ཤིན་སྐྱོར་ལས་དོན་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་བཀོད་འདོམས་པ་ཡོན་ལེང་གིས་བཤད།

    ཤིན་སྐྱོར་ལས་བྱེད་ཤེས་ལྡན་པས་ལྷག་བསམ་དང་འགན་སེམས་ལ་བརྟེན་ནས་ཤིན་ཅང་ལ་ལེགས་སྐྱེས་གསར་པ་ཟམ་མི་ཆད་པར་ཕུལ་ཡོད། ཤིན་ཅང་དབྱི་ལི་ཀུང་ལིའུ་རྫོང་ཅི་དབྱང་སློབ་འབྲིང་ནི་སློབ་གྲྭ་གསར་པ་ཞིག་ཡིན་ཞིང་། དགེ་རྒན་གྱི་སྟོབས་ཤུགས་ཞན་པའི་དབང་གིས་དབྱི་ལིར་རོགས་སྐྱོར་བྱེད་མཁན་ཅང་སུའུ་སུའུ་ཀྲོའུ(ཀྲང་ཅ་ཀང)ལས་དོན་ཚོགས་ཆུང་གིས་ཀྲང་ཅ་ཀང་ནས་ཧོ་ལི་ཤིན་སོགས་སློབ་སྤྱི་རྒན་གྲས་4ཆེད་མངགས་གདན་དྲངས་ནས་སློབ་གྲྭའི་དོ་དམ་ལས་དོན་གྱི་འགན་འཁུར་དུ་བཅུག་ཡོད། སློབ་སྤྱི་རྒན་གྲས་ཚོས་སློབ་གསོའི་ལས་དོན་གྱི་ཉམས་མྱོང་སྦ་གསང་མེད་པར་རྒྱང་རིང་གི་སློབ་གྲྭ་དེའི་དགེ་རྒན་ཚོར་བསླབས་པ་རེད། སློབ་གྲྭའི་སློབ་ཁྲིད་ཀྱི་ཁོར་ཡུག་འཛུགས་སྐྱོང་དང་སློབ་ཁྲིད་ཀྱི་སྤུས་ཚད་རྨང་གཞི་བརྟན་དུ་བཏང་བས་སློབ་མ་ཚོའི་སློབ་སྦྱོང་གི་རྣམ་འགྱུར་དང་གྲུབ་འབྲས་ཚང་མར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།