དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དཀའ་སྤྱད་འབད་འཐབ་ཀྱི་རྐང་རྗེས་ལས“ལམ་གཉིས”ཀྱི་སྙིང་སྟོབས་མངོན་པ།

    ​ ལམ་སྐྱོང་བ་མི་རབས་གཉིས་དང་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་སྐོར་གླེང་མོལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧན་ཤིན། ཞུས་ཡུས་ཡའོ། ཚའོ་ཅི་ཝེ།   |     སྤེལ་དུས།  2025-10-17

    འདི་ནི་ཁུ་ནུ་རི་བོའི་རྒྱུད་ཀྱི་མཚོ་བོད་གཞུང་ལམ་ནས་སྐྱེལ་འདྲེན་བྱེད་བཞིན་པ།

    འདི་ནི་རྒན་ཡོལ་ཞུས་རྗེས་དབང་ཆེན་གྱིས་མཚོ་སྔོན་གོར་མོ་གྲོང་ཁྱེར་གྱི་སྡེ་ཁུལ་ཞིག་ཏུ་འོས་འགན་ཞབས་ཞུ་བྱེད་བཞིན་པ།

    འདི་ནི་རྡོ་རྗེ་ཚེ་དབང་གིས་མེ་ཏོག་གཞུང་ལམ་དུ་འགྲིམ་འགྲུལ་ལ་བཀོད་འདོམས་བྱས་ནས་ཤར་གཏོང་ཐུབ་པར་འགན་ལེན་བྱེད་བཞིན་པ།

    གཞུང་ལམ་ལས་འཕེལ་རྒྱས་ལ་དཔང་པོ་ཐུབ་པ་དང་འཕོ་འགྱུར་མཚོན་ཡོད།

    དུས་རབས་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ས་མཐོའི་གཞུང་ལམ་ལ་ཡང་འགྱུར་ལྡོག་སོང་ཡོད། ཕུག་ལམ་དང་ཟམ་པ་རེ་རེ་བསྐྲུན་པ་ལས་ས་མཐོའི་གཞུང་ལམ་ལ་འགྱུར་ལྡོག་བྱུང་ཡོད།

    དུས་རབས་ལ་འགྱུར་ལྡོག་སོང་ཡང“ལམ་གཉིས”ཀྱི་སྙིང་སྟོབས་སྔར་བཞིན་ཉམས་པ་མེད། མཚོ་བོད་དང་ཁྲོན་བོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་རིང་། “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པ། སྙིང་རུས་ཆེན་པོས་འབད་འཐབ་བྱེད་པ། ལམ་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིགས་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་གྲུབ་པ་དང་དེ་དར་སྤེལ་བཏང་ནས་མི་རབས་ནས་མི་རབས་བར་གྱི“འགྲིམ་འགྲུལ་བས”སྙིང་རུས་ཆེན་པོས་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པར་ལྕག་སྐུལ་བྱས་ཡོད།

    ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ཞིང་། ཉེ་ཆར་གསར་འགོད་པ་གངས་ལྗོངས་ས་མཐོར་བསྐྱོད་དེ་མི་རབས་གཉིས་ཀྱི་ལམ་སྐྱོང་བར་བཅར་འདྲི་བྱས་པ་ཡིན། ཁོང་ཚོའི་ལོ་ཁྱད་ལ་དུས་རབས་ཕྱེད་ཀ་ཙམ་དང་ལམ་ཐག་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཆོད་ཡོད་ནའང་། གཅིག་གིས་བོད་སྐྱོད་གཞུང་ལམ་ཐོག་མ་མཚོ་བོད་གཞུང་ལམ་ལ་བདག་སྐྱོང་བྱེད་པ་དང་། གཅིག་ཤོས་དེས་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་མེ་ཏོག་གཞུང་ལམ་ལ་སྲུང་སྐྱོང་བྱེད་བཞིན་ཡོད།

    རྒྱུན་འཛིན།

    ཁྲབ་མེ་གཞུང་ལམ་བོད་ལྗོངས་སྤོ་བོ་རྫོང་གྲོང་ནས་འགོ་ཚུགས་པ་དང་ས་བབ་སྨི་2700ཟིན་པའི་རི་འདབས་ནས་སྨི་3700ཟིན་པའི་ལ་རྩེར་སླེབས་རྗེས་རིང་ཚད་སྤྱི་ལེ་4ཙམ་ཡོད་པའི་ཕུག་ལམ་བརྒྱུད་ནས་སླར་ཡང་སྨི་ཆིག་སྟོང་ཙམ་ལས་མེད་པའི་རི་འདབས་སུ་འབབ་ཀྱི་ཡོད།

    ལམ་ཐག་སྤྱི་ལེ་བརྒྱ་ཙམ་ནང་ས་བབ་སྨི་2700ཟིན་པའི་རི་འདབས་ནས་སྨི་3700བར་གྱི་ལ་རྩེར་ཡར་འཛེགས་མར་འབབ་བྱེད་དགོས་པས་ལམ་ཧ་ཅང་གཟར་པོ་ཡོད། འདི་གར་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི་2000ལས་བརྒལ་སྟབས་རི་ཉིལ་བ་དང་ཆུ་ལོག་ཡང་ཡང་ཐོན་གྱི་ཡོད།

    དྲག་ཆར་ཞིག་བབས་མ་ཐག་བོད་ལྗོངས་ཉིང་ཁྲི་གཞུང་ལམ་འཕེལ་རྒྱས་ལྟེ་གནས་སྤོ་བོ་བདག་སྐྱོང་དུམ་བུའི་ལས་ཁུལ་གཉིས་པའི་རུ་དཔོན་རྡོ་རྗེ་ཚེ་དབང་ལ་སེམས་ཁྲལ་ཆེན་པོ་བྱུང་ཞིང་། དེ་གར་གས་སྲུབས་ཁུལ་མང་བས་རྟག་ཏུ་ཆུ་སྐྱོན་དང་། རི་ཉིལ་བ། ཆུ་རུད་བཅས་ཐོན་གྱི་ཡོད། མིག་མདུན་གྱི་སྤྱི་ལེ་117ཡོད་པའི་མེ་ཏོག་གཞུང་ལམ་དུས་ཡུན་ལོ་52ཏག་ཏག་བཟོས་པ་རེད། རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་10ལྷག་ཙམ་སོང་ཡང་གནོད་འཚེ་སྔར་བཞིན་ཐོན་མང་བ་དང་ཆར་པ་འབབ་པ་ནི་འགྲོ་ལམ་གྱི་ཉེན་ཁ་ཆེ་ཤོས་རེད།

    ས་མཐོར་དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་ཀྱི་ཡོད་ཅིང་། མཚོ་སྔོན་གོར་མོའི་སྨུག་པ་ལ་སྒང་ལས་བཟོའི་སྡོད་ཁང་ཁུལ་དུ་ལོ་བརྒྱད་ཅུར་སླེབས་པའི་དབང་ཆེན་གྱིས་པར་དེབ་ལ་ལྟ་བཞིན་ཡོད་པ་དང་པར་རྙིང་པ་ཞིག་གི་ནང་ལོ་ན་གཞོན་དུས་སུ་ཁོང་གིས་ཐེར་ཆུང་འདྲུད་དེ་མཚོ་བོད་གཞུང་ལམ་དུ་བྱེ་རྡོ་དབོར་བཞིན་འདུག

    “ཨ་མདོའི་བདག་སྐྱོང་ལམ་དུམ་དུ་དགུན་དུས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་སུམ་ཅུ་བཞི་བཅུ་ཙམ་ལ་སླེབས་པ་དང་ཁ་རླངས་ལའང་འཁྱགས་པ་རྒྱག་གི་ཡོད། སྐབས་དེ་དུས་ལམ་ངོས་སུ་འཁྱགས་པ་བརྒྱབ་པས་མེར་བསྲེགས་ནས་འཁྱགས་པ་བཞུར་རྗེས་གཞི་ནས་བྱེ་རྡོ་འདིང་དགོས་ཀྱི་ཡོད། ལག་པ་འཁྱགས་ནས་ལྕགས་ཁྱེམ་བཟུང་ཐབས་བྲལ་བས་ལག་པ་གྲོད་ཁོག་ལ་སྦྱར་ཏེ་དྲོད་ཁུག་ཐབས་བྱེད་པ་དང་། རྐང་པ་འཁྱགས་སྦོས་ཐེབས་ནས་ས་སྟེང་དུ་ཤུགས་ཀྱིས་ཐེངས་འགའ་བརྡབས་རྗེས་མུ་མཐུད་ལས་ཀ་བྱེད་ཀྱི་ཡོད”ཅེས་བགྲེས་སོང་ཁོང་གིས་དྲན་གསོ་བྱེད་བཞིན་དུ་བརྗོད།

    དཀའ་ཚེགས་ལས་སེམས་ཤུགས་ཆེན་པོ་མངོན། “ཁོར་ཡུག་གྲང་ངར་ཆེ་ཡང་ཁྲག་དྲོན་དང་སྣུམ་ནག་ད་དུང་ཚ་པོ་རེད”ཅེས་དབང་ཆེན་གྱིས་དགོད་སློང་བཞིན་བཤད།

    སེམས་ཤུགས་དེ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྟན་སྲུང་ལས་བྱུང་བ་ཞིག་རེད། དབང་ཆེན་ནི་མཚོ་བོད་གཞུང་ལམ་གྱི་བོད་རིགས་བདག་སྐྱོང་བ་ཁག་དང་པོའི་གྲས་ཡིན་ཞིང་། 1963ལོར་ལས་ཀར་ཞུགས་སྐབས་ལམ་སྐྱོང་ས་ཚིགས་སུ་རྒྱ་རིགས་དང་ཧུད་རིགས་བཟོ་པ་གཙོ་བོ་ཡིན་པ་དང་། “ལ་ལས་ང་ལ་བདག་སྐྱོང་བྱེད་སྟངས་བསླབས་བྱུང་ལ། ཡང་ལ་ལས་ང་ལ་རྒྱ་སྐད་ཀྱང་བསླབས་ནས་ཚང་མས་གུར་གཅིག་ནང་མཉམ་ཟ་མཉམ་སྡོད་བྱེད་ཀྱི་ཡོད”དབང་ཆེན་གྱིས་ང་ལ་ཚ་བ་རྒྱས་དུས་ལས་རོགས་ཚོས་ཕོ་ཁེབས་གཡར་བ་དང་བཅའ་སྒའི་ཐང་བསྐོལ་གྱི་ཡོད་ལ། ངས་ཀྱང་ནང་གི་ཇ་བསྲུབས་མ་དང་རྩམ་པ་ལས་རོགས་ཚོར་སྤྲད་ནས“དཀའ་ངལ་འཕྲད་དུས་མི་རིགས་ཀྱི་ཁྱད་པར་མེད་པར་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།

    སེམས་ཤུགས་དེ་གཞུང་ལམ་ཁྱིམ་ལ་བརྩི་བའི་རྒྱུན་འཛིན་ཞིག་ཏུ་གྱུར་ཡོད། “ང་རང་ལམ་སྐྱོང་ས་ཚིགས་སུ་སྐྱེས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་ལ། ངའི་ཕ་མ་དང་ཕ་མེས་ཀྱང་བདག་སྐྱོང་བ་ཡིན་པས་ང་ཚོ་ཡང‘མི་རབས་གསུམ’གྱི་བདག་སྐྱོང་བར་གྱུར་ཡོད”རྡོ་རྗེ་ཚེ་དབང་གིས་ཆུང་དུས་ནས་རྒན་རབས་ཚོའི་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱི་བདག་སྐྱོང་འཚོ་བ་དང་ལམ་ལ་བདག་སྐྱོང་བྱེད་ཞོར་མི་གཞན་ལ་རོགས་རམ་བྱེད་པའི་གཏམ་རྒྱུད་མང་པོ་དངོས་སུ་མཐོང་ཐོས་བྱུང་ཡོད་པས“ཨ་ཕ་དང་འདྲ་བ”ཞིག་བྱ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

    2013ལོའི་ལོ་མཇུག་ཏུ་ཁྲབ་མེ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་གཞུང་ལམ་བདག་སྐྱོང་བ་བསྡུ་འགོ་ཚུགས་པས་རྡོ་རྗེ་ཚེ་དབང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་མིང་ཐོ་བཀོད་པས་ས་མཐོའི་ལམ་སྐྱོང་བ་ཞིག་ཏུ་གྱུར། འདས་ཟིན་པའི་ལོ་10རིང་ལམ་ངོས་ཀྱི་གངས་འཁྱགས་གཙང་ཕྱག་དང་འབར་འབུར་ཉམས་བཟོ་གྲངས་མེད་བྱས་ཡོད་ལ། “གཞུང་ལམ་ནི་ས་མཐོའི་ཚེ་སྲོག་གི་ལམ་བུ་ཡིན་པས་གཞུང་ལམ་ཡག་པོ་སྲུང་བ་ནི་རེ་འདུན་སྐོང་བ་རང་ཡིན”ཞེས་པའི་ཨ་ཕས་བཤད་པའི་སྐད་ཆ་དེ་ཁོང་གིས་ནམ་ཡང་སེམས་ལ་བརྟན་པོར་བཟུང་ཡོད།

    འཕོ་འགྱུར།

    “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་མི་རབས་དུ་མས་མུ་མཐུད་གཞུང་ལམ་བདག་སྐྱོང་བྱས་ཤིང་། གསར་རྙིང་བརྗེ་རེས་བྱེད་པའི་ཁྲོད་ནས་ཀྲུང་གོའི་འགྲིམ་འགྲུལ་ཡར་རྒྱས་ཀྱི་ཉམས་བཟང་གསལ་པོར་མཐོང་ཐུབ།

    མི་རབས་ནས་མི་རབས་བར་གྱི་འབད་བརྩོན་ལས་ལམ་བུ་ལེགས་སུ་ཕྱིན་ཡོད།

    “སྔོན་ཆད་མཚོ་བོད་གཞུང་ལམ་ནི་ས་རྡོའི་ལམ་ཐབས་ཆག་ཅིག་ཡིན་པ་དང་ཆར་པ་བབས་ན་འདམ་རྫབ་ཀྱིས་ཁེངས་པ་དང་། གནམ་དྭངས་ན་ཐལ་རྡུལ་ལངས་ཀྱི་ཡོད”དབང་ཆེན་གྱིས་དང་ཐོག་ལས་ཀ་བྱེད་དུས་གཞུང་ལམ་བདག་སྐྱོང་མི་ཤུགས་ཁོ་ནར་བརྟེན་དགོས་ཀྱི་ཡོད།“ཐེར་ཆུང་འདྲུད་ནས་བྱེ་རྡོ་དབོར་ན་ཉིན་གཅིག་གི་རྗེས་སུ་ཕྲག་པར་རྨ་ཤུལ་ཐོན་གྱི་ཡོད”ཅེས་བརྗོད།

    དུས་རབས་20པའི་ལོ་རབས་80པའི་རྗེས་སུ་ལམ་སྐྱོང་ས་ཚིགས་ལ་གཅིག་རྗེས་གཉིས་མཐུད་དུ་ཐོ་ཕྲུག་དང་ལྕགས་གཞོང་མོ་ཊ་བཀོད་སྒྲིག་བྱས་པས། “ཆ་རྐྱེན་ལེགས་སུ་ཕྱིན་ནས་ལས་ཆོད་ཀྱང་ལྡབ་འཕར་བྱུང་སོང”ད་ཆ་མཚོ་བོད་གཞུང་ལམ་གྱི་སྣུམ་ནག་ལམ་ཁོད་སྙོམས་ཤིང་ཧ་ཅང་བདེ་བ་མ་ཟད། ལམ་འགྲམ་དུ་འགོག་སྲུང་དང་ཉེན་བརྡའི་མཚོན་རྟགས་ཀྱང་ཡོད་ཅིང་། ཨ་མདོ་རྫོང་ནས་ལྷ་ས་གྲོང་ཁྱེར་དུ་རླངས་འཁོར་བཏང་ན་སྔོན་ཆད་དུས་ཡུན་ཉིན་གཉིས་འགོར་བ་ནས་ད་ཆ་ཉིན་གཅིག་གི་ནང་སླེབས་ཀྱི་ཡོད།

    མེ་ཏོག་གཞུང་ལམ་གྱི་འགྱུར་ལྡོག་སྔར་བས་མངོན་གསལ་དོད་ཅིང་། 2014ལོར་རྡོ་རྗེ་ཚེ་དབང་ལས་ཀར་ཞུགས་སྐབས་གཞུང་ལམ་ད་དུང་ས་རྡོའི་ལམ་རེད། “སྤོ་བོ་ནས་མེ་ཏོག་བར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་120ཙམ་ཡོད་པར་ཆུ་ཚོད་12ཙམ་སྐྱོད་དགོས་པ་དང་། ཆར་པ་བབས་ན་རྒྱུན་དུ་རླངས་འཁོར་འདབ་རྫབ་ནང་ལུས་ཀྱི་ཡོད”2017ལོར་ལམ་ངོས་སྒྱུར་བཀོད་དང་རིམ་སྤོར་བྱས་ཏེ་མེ་ཏོག་རྫོང་གྲོང་དུ་སྣུམ་ནག་ལམ་ཤར་གཏོང་བྱུང་བར་བརྟེན། “ལམ་ཐག་ཆུ་ཚོད་3ལྷག་བར་ཐུང་དུ་སོང་བ་དང་། ཆར་པ་བབས་ནའང་བདེ་བླག་ངང་ཤར་སྐྱོད་ཐུབ་ཀྱི་ཡོད”

    ད་ཆ་བོད་དུ་ལྷ་ས་ལྟེ་བར་བྱས་པ་དང་སི་ཁྲོན་དང་། ཡུན་ནན། མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་འབྲེལ་མཐུད་དང་། ནེ་པ་ལ་དང་འབྲེལ་མཐུད་ཀྱི་བགྲོད་ལམ་ཆེན་པོ་བསྐྲུན་པ་མ་ཟད། ད་དུང་ཉིང་ཁྲི་ནས་ལྷ་ས་དང་། ནག་ཆུ་ནས་ལྷ་ས། ལྷ་ས་ནས་གཞིས་རྩེ་བར་སོགས་ཀྱི་རིམ་མཐོའི(མྱུར་བགྲོད)གཞུང་ལམ་བསྐྲུན་ཞིང་། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་ནང་གི་དཔལ་འབྱོར་ཁུལ”གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་ཆགས་ཡོད། མིག་སྔའི་བར་བོད་ཀྱི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་12.49ཟིན་པའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་1196ཟིན་ཡོད་པ་རེད།

    གསར་རྙིང་བརྗེ་རེས་བྱེད་པའི་ཁྲོད་བདག་སྐྱོང་ལག་རྩལ་རིམ་སྤོར་བྱུང་ཡོད།

    “སྔོན་ཆད་མི་བཅུ་ཡིས་གད་རྡིབ་ས་ཆ་གཙང་སེལ་བྱེད་པར་ཉིན་གསུམ་འགོར་མོད། ད་ཆ་རྐོ་འདྲུའི་འཕྲུལ་འཁོར་གྱིས་བླུག་འཁོར་ལ་གཞོགས་འདེགས་བྱས་ནས་ཉིན་གཅིག་གི་ནང་དུ་འགྲོ་ལམ་སླར་གསོ་བྱེད་ཐུབ”ཅེས་རྡོ་རྗེ་ཚེ་དབང་གིས་གསར་འགོད་པར་བཤད་ཅིང་། སྒྲིག་ཆས་བརྗེ་བ་ལས་བདག་སྐྱོང་གི་ལས་ཆོད་ཆེ་རུ་ཕྱིན་ཡོད། ད་ཆ་ཁོང་གི་ཚོགས་པར་རྐོ་འདྲུའི་འཕྲུལ་འཁོར་དང་། བླུག་འཁོར། ཏུན་18རིམ་པའི་ལྕགས་གཞོང་མོ་ཊ་བཅས་བཀོད་སྒྲིག་བྱས་ཡོད་པ་དང་། ལས་ཀའི་བརྒྱ་ཆ་བརྒྱད་ཅུ་ཡན་འཕྲུལ་ཆས་ཀྱིས་ལེགས་སྒྲུབ་བྱེད་ཀྱི་ཡོད་པ་རེད།

    ལག་རྩལ་ཡར་རྒྱས་སོང་སྟེ་བདེ་འཇགས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། 2008ལོར་དབང་ཆེན་གྱིས་བདག་སྐྱོང་བྱེད་པའི་མཚོ་བོད་གཞུང་ལམ་ལ་འཛམ་གླིང་གི་མཐོ་གྲང་འཁྱགས་ས་ཁུལ་གྱི“སྣུམ་ནག་ཅན”གྱི་རིམ་མཐོའི་ལམ་ངོས་ཐོག་མ་བཏིང་བ་དང་། “ལོ་མང་རིང་གི་འཁྱགས་སའི་མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་ལག་རྩལ”ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་ཐོབ་ཡོད། “ལམ་གཉིས”ཀྱི་སྙིང་སྟོབས་ལ་བརྟེན་ནས་དེ་སྔའི་བྱེ་རྡོའི་ལམ་ད་ཆའི་སྣུམ་ནག་ལམ་ལ་བསྒྱུར་ཡོད་པ་རེད།

    མཆོང་སྐྱོད།

    མི་རབས་ནས་མི་རབས་བར་བདག་སྐྱོང་མུ་མཐུད་བྱས་ནས་ས་མཐོའི་མཁའ་ལམ་གྱི་རྣམ་པ་གསར་རྐྱང་བཏོད་ཡོད། དབང་ཆེན་ནས་རྡོ་རྗེ་ཚེ་དབང་བར་དང་། མཚོ་བོད་གཞུང་ལམ་ནས་མེ་ཏོག་གཞུང་ལམ་བར“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་མུ་མཐུད་བྱས་པས་ང་ཚོས་ལམ་གྱི་དོན་སྙིང་ལ་ཡང་བསྐྱར་ངོས་འཛིན་ཐུབ་བྱུང་།

    འདི་ནི་བདེ་སྐྱིད་ཀྱི་ལམ་བུ་ཞིག་རེད།

    དབང་ཆེན་གྱིས་གསར་འགོད་པར“གཞུང་ལམ་ཤར་གཏོང་ཐུབ་པས་འཚོ་བ་སྐྱིད་དུ་ཕྱིན་སོང་། མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་གཞུང་ལམ་དེ་བོད་དུ་བསྐྱོད་པའི‘ཚེ་སྲོག་གི་ལམ་བུར’གྱུར་ཡོད། སྔོན་ཆད་མིས་དངོས་ཟོག་སྒལ་པར་འཁུར་བ་དང་རྟས་དབོར་དགོས་ཀྱི་ཡོད་མོད། ད་ཆ་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱིས་འབྲུ་རིགས་དང་། ཨར་ལས་རྒྱུ་ཆ། སྨན་རྫས་བཅས་བོད་དུ་དབོར་ཡོང་བ་དང་ནས་དང་། ཚགས་ཤ ལུག་ཤ་བཅས་ཕྱིར་སྐྱེལ་འདྲེན་བྱེད་ཀྱི་ཡོད། ལོ་འདི་དག་རིང་ངས་ནག་ཆུ་འདི་ཉིད་གྲོང་སྡེ་ཆུང་ཆུང་ཞིག་ནས་ཐོག་བརྩེགས་ཁང་ཆེན་ལྡན་པའི་གྲོང་རྡལ་ཞིག་ཏུ་གྱུར་པ་མཐོང་བྱུང་། སྔོན་ཆད་འབྲོག་པ་ཕྱིར་ནད་བསྟེན་པར་འགྲོ་དཀའ་བ་དང་སློབ་གྲྭར་འགྲོ་ཁག་པོ་ཡོད། ད་ལྟ་ཁྱིམ་གྱི་སྒོ་རྩར་སྨན་ཁང་དང་སློབ་གྲྭ་ཡོད་པ་དང་ལྕགས་ལམ་ཡང་ཤར་གཏོང་ཐུབ་པས་ལྷ་སར་འགྲོ་བར་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བརྗོད།

    གཞུང་ལམ་ཤར་གཏོང་ཐུབ་པས“ས་མཐོའི་ཁེར་ཆགས་གླིང་ཕྲན”ཡིན་པའི་མེ་ཏོག་རྫོང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། “ལོ་10ལྷག་ཙམ་གྱི་གོང་དུ་ང་རང་མེ་ཏོག་ལ་ཐེངས་དང་པོ་ཡོང་སྐབས་རྫོང་ཡོངས་སུ་ཚོང་ཁང་ཁ་ཤས་ལས་མཐོང་རྒྱུ་མི་འདུག ད་ཆ་སྒོ་རྩིས་ཚོང་ཁང་དང་། གསོལ་མགྲོན་ཁང་། ཞིང་པའི་སྤྲོ་སྐྱིད་ཁང་བཅས་རྫོང་གྲོང་གི་ཕྱོགས་གང་སར་ཁྱབ་པ་དང་འགྲོ་འོང་བྱེད་མཁན་མི་སྣ་དང་རླངས་འཁོར་མང་བས་ཧ་ཅང་འཁྲུག་ཆ་དོད་པོ་འདུག སྔོན་ཆད་ཚོང་ཟོག་མང་པོ་དོ་པོ་དབོར་མཁན་གྱིས་རྫོང་གྲོང་དུ་དབོར་གྱི་ཡོད། བཏུང་བྱ་ལྕགས་ཀྲིན་གཅིག་ཉོ་བར་སྒོར་བཅུ་ལྷག་ཙམ་སྤྲོད་དགོས་ཀྱི་ཡོད། འགྲོ་ལམ་བདེ་རུ་ཕྱིན་པ་དང་སྦྲགས་མེ་ཏོག་གི་དངོས་ཟོག་གི་རིན་གོང་ས་ཆ་གཞན་དང་ཧ་ལམ་ཁྱད་པར་མེད”ཅེས་རྡོ་རྗེ་ཚེ་དབང་གིས་མྱོང་ཚོར་ཟབ་མོས་བརྗོད།

    གཞུང་ལམ་བདེ་ན་ལས་རྣམ་དར། གཞུང་ལམ་ནས་བལྟས་ན། མཚོ་བོད་གཞུང་ལམ་དུ་དུས་བཞིར་རླངས་འཁོར་ཤར་གཏོང་ཐུབ་པས་བོད་དུ་བསྐྱོད་པའི་བྲེལ་འཚུབ་ཆེ་ཤོས་ཀྱི་གཞུང་ལམ་གྲས་ཤིག་ཏུ་གྱུར་ཡོད། ལྕགས་ལམ་ནས་བལྟས་ན། མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་ཀྱིས“Y”གཟུགས་ཀྱི་སྒྲོམ་དབྱིབས་གྲུབ་ཡོད། མཁའ་འགྲུལ་ནས་བལྟས་ན། གོང་དཀར་གནམ་ཐང་གིས་གཙོ་བོ་བྱེད་པ་དང་ཡན་ལག་གནམ་ཐང་7བཀོད་སྒྲིག་བྱས་ཏེ་ལྷ་ས་ནས་ཐོན་ན་ཉིན་གཅིག་ལ་རྒྱལ་ཡོངས་སུ་བདེ་བླག་ངང་འབྱོར་ཐུབ་པས། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་ཡོད། དེས“འཛམ་གླིང་ཡང་རྩེའི”མི་སྣ་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་བྱེད་པར་དེ་བས་སྟབས་བདེ་བསྐྲུན་ཡོད།

    འདི་ནི་མཐུན་སྒྲིལ་གྱི་ལམ་བུ་ཞིག་ཀྱང་རེད།

    བཅར་འདྲི་བྱེད་རིང་དབང་ཆེན་གྱིས་གསར་འགོད་པར། ངས་དེ་སྔ་ཧུད་རིགས་ཀྱི་ཚོང་པ་ཞིག་ལ་འདམ་དུ་ཚུད་པའི་ཟོག་འདྲེན་རླངས་འཁོར་འདོན་རོགས་བྱས་པ་ཡིན། ཕྱིས་སུ་ལམ་སྐྱོང་ས་ཚིགས་སུ་སླེབས་རིམ་བཞིན་ཚོང་པ་དེས་ཇ་ལོ་དང་བྱེ་རིལ་ཁྱེར་ཡོང་ནས་གཉེན་ཉེ་འཕྲད་པ་ལྟར་སེམས་ཁུར་བྱེད་ཀྱི་འདུག་ཅེས་བཤད། རྡོ་རྗེ་ཚེ་དབང་གིས་ལམ་ཤར་གཏོང་ཐུབ་པས་མི་མང་པོ་ཞིག་ས་མཐོར་ཡོང་གི་འདུག ད་ཆ་མེ་ཏོག་རྫོང་གི་སློབ་གྲྭའི་ནང་མི་རིགས་ཁག་གི་ཕྲུ་གུ་ཚོས་མཐུན་སྒྲིལ་ཟབ་མོས་སློབ་སྦྱོང་བྱེད་བཞིན་འདུག་ཅེས་བརྗོད།

    བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བས“འགྲིམ་འགྲུལ་འཕེལ་རྒྱས་ཕྱིན་ནས་བོད་རིགས་སྤུན་ཟླ་རྣམས་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་ཁྱིམ་ཚང་ཆེན་མོའི་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་ཡོད། ལམ་ལ་བརྟེན་ནས་དམངས་འཚོའི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་བཞིན་ཡོད”ཅེས་བརྗོད།

    དུས་རབས་གསར་པར། གཞུང་ལམ་སྐོར་གྱི་ལེའུ་མུ་མཐུད་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།