དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས“སྒུལ་ཤུགས”གསུམ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-17

    འདི་ནི་ཆུ་གསུམ་རྫོང་གི་སྤོས་ཁེ་ལས་ཀྱི་ལས་མིས་སྤོས་དབོར་བཞིན་པ།

    འདི་ནི་ཆུ་གསུམ་རྫོང་གི་སྤོས་ཁེ་ལས་ཀྱི་ལས་མིས་སྤོས་སྒྲིག་བཞིན་པ།

    2005ལོར་ཐོག་མར་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་ཁྲི་9785བཏང་བ་ནས་2024ལོར་སྒོར་དུང་ཕྱུར་12.5ཡི་རྣམ་གྲངས་ཚོགས་དོན་འཁྱོལ་བྱུང་བའི་བར། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས་ཚོང་འགུག་ལ་བརྟེན་ནས་རྣམ་གྲངས་ཀྱི་འཁོར་འབྲེལ་བསྐྲུན་པ་དང་། ནུས་རྒྱུ་གཙང་མས་སྐུལ་འདེད། ཞབས་ཞུའི་སྲུང་སྐྱེལ་བཅས་སྒུལ་ཤུགས་ཆེན་པོ་གསུམ་ལ་བརྟེན་ནས་གངས་ལྗོངས་ས་མཐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    སྤོས་ཕྲ་མོས་ཐོན་ལས་ཆེན་པོར་སྐུལ་ཁྲིད་བྱས་པ།

    ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གིས་ཕ་ཡུལ་ལ་བཅངས་པའི་འཁྲེང་སེམས་དང་སྲིད་ཇུས་ཀྱི་གཟིགས་སྐྱོང་ལ་བརྟེན་ནས་ཕྱི་ལོག་ཏུ་འབད་བརྩོན་བྱེད་མཁན་ཆུ་གསུམ་གྱི་ཁེ་ལས་མཁས་པ་འབོར་ཆེན་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱེད་པའི་ཡིད་དབང་བཀུག་ཡོད། སྤོས་ཀུང་སིའི་ཏུང་ཧྲི་ཀྲང་འཆི་མེད་ཚེ་རིང་དེའི་ཁྲོད་ཀྱི་གཅིག་ཡིན་ཏེ། 2013ལོར་ལོ་26ལ་སླེབས་པའི་འཆི་མེད་ཚེ་རིང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གཉེར་བཞིན་པའི་ཚོང་རྣམས་བསྐྱུར་ནས་བློ་ཐག་ཆོད་པོས་ཕ་ཡུལ་ཆུ་གསུམ་གྲོང་རྡལ་གོང་སྨད་གྲོང་ཚོར་ལོག་པ་དང་། གྲོང་མི་དྲུག་གི་སྣེ་ཁྲིད་དེ་བོད་སྤོས་མཉམ་ལས་ཁང་བཙུགས་ནས་ལས་གཏོད་ཐེངས་གཉིས་པ་བྱེད་འགོ་ཚུགས།

    ཆུ་གསུམ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གནད་སྨིན་ཚོང་འགུག་སྲིད་ཇུས་རབ་དང་རིམ་པའི་རོགས་སྐྱོར་འོག མཉམ་ལས་ཁང་དེ་དེང་རབས་ཁེ་ལས་སུ་བདེ་བླག་ངང་ཕྱོགས་སྒྱུར་འཕེལ་རྒྱས་བྱུང་ཡོད། ད་ལྟའི་སྤོས་ཀུང་སིར་འཕྲུལ་འཁོར་གྱི་ལྡིར་སྒྲ་བར་མེད་དུ་གྲགས་ཤིང་། སྤོས་སྣ་ཁ་20ལྷག་ཙམ་རྒྱལ་ཡོངས་དང་ཐ་ན་ནེ་པ་ལར་ཕྱིར་ཚོང་བྱེད་བཞིན་ཡོད། 2024ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་700ལྷག་ཙམ་ཟིན་ཞིང་། ལས་མི་16ལ་ལས་གནས་མཁོ་འདོན་བྱས་པ་དང་། སློབ་གྲྭ་ཆེ་མོ་བ་3ས་མཐོར་གཞིས་ཆགས་པའི་ཡིད་དབང་བཀུག་ཡོད།

    གྲོང་ཚོ་གཅིག་པར་གནས་པའི་བོད་སྨན་སྨན་རྫས་ཁེ་ལས“མཛངས་མི”ནི་སྤོས་ཐོན་ལས་ཀྱི་རྒྱབ་རྟེན་བརྟན་པོ་ཞིག་རེད། མཛངས་མི་ཀུང་སིའི་ཏུང་ཧྲི་ཀྲང་བློ་བཟང་སྦྱིན་པ་ནི་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་པའི་བོད་ལུགས་གསོ་རིག་གི་ཆེད་ལས་ཤེས་ལྡན་པ་ཞིག་རེད། 2013ལོར་ལས་གཏོད་བྱེད་སྐབས་སྲིད་གཞུང་གི་རོགས་སྐྱོར་མ་དངུལ་སྒོར་ཁྲི་410ཐོབ་པ་དང་། ལྕམ་པ་དང་བསོད་ནམས་དཔལ་འཛོམས་སོགས་ས་མཐོའི་སྨན་རྫས་སྣ་ཁ་16ཐོན་སྐྱེད་བྱས་པ་མ་ཟད། མཛེས་རྫས་ལས་སྣོན་ཡང་གཏིང་ཟབ་བྱས་པས་ན་ནིང་ཐོན་རྫས་རིན་ཐང་སྒོར་ཁྲི་620བྱུང་ཡོད།

    ནུས་རྒྱུ་གཙང་མའི་གློག་གིས་ས་མཐོའི་འབྱུང་འགྱུར་ལ་འོད་སྣང་སྦྱིན་པ།

    ཆུ་གསུམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཉི་འོད་ཐོན་ཁུངས་ལ་གཞི་ཚུགས་ནས། ནུས་རྒྱུ་གཙང་མའི་ཐོན་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱབ་རྟེན་ལ་གཏན་འཁེལ་བྱས་ཡོད།

    2023ལོར་ཧྭ་གློག་ཚོགས་པས་ལྷོ་ཁར་འོད་ཤུགས་གློག་ཁང་སྐྲུན་ཡུལ་འདེམས་རྒྱུའི་གནས་ཚུལ་འབྱོར་སྐབས་ཆུ་གསུམ་རྫོང་གིས་རང་འགུལ་ངང་འབྲེལ་མཐུད་བྱས་པ་རེད། དམིགས་བསལ་ཚོང་འགུག་སྲིད་ཇུས་ཀྱིས་ཧྭ་གློག་ཚོགས་པས་གོང་སྟོད་གྲོང་ཚོའི་ས་བབ་སྨི་4700ཡི་ས་མཐོར་འོད་ནུས་རྩད་ཞིབ་བྱེད་པའི་ཡིད་དབང་བཀུག་ཡོད། “འདི་ག་ནི་བོད་ཀྱི་འོད་ཁུངས་ཆེན་པོ་ལྔའི་གྲས་ཤིག་རེད”ཅེས་རྣམ་གྲངས་ཀྱི་ཅིང་ལི་གཞོན་པ་ཞ་ཁྲའོ་ཞིབ་ཅིང་ཕྲ་བའི་གྲངས་གཞིར་ཧང་སངས་པ་སྟེ། ལོ་རེར་ཆ་སྙོམས་ཉི་འོད་སྤྱོད་ཐུབ་ཚད་ཆུ་ཚོད་1900ཟིན་པ་དང་། ལོ་རེར་གློག་གཏོང་ཚད་སྔོན་དཔག་བྱས་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་3.6ཟིན་ནས་ཁེ་བཟང་སྒོར་དུང་ཕྱུར་གཅིག་ལྷག་ཙམ་ཟིན་པ་རེད། “ཐུན་མོང་མ་ཡིན་པའི་འོད་ནུས”དེ་ལས་སྐད་ཅིག་ཉིད་ལ་ཁེ་ལས་ཀྱི་སེམས་པ་བདེ་བར་བཀོད་ཡོད།

    ད་ཆ་འོད་ཤུགས་ཤེལ་ལེབ་ཆུ་གསུམ་གྲོང་རྡལ་གོང་སྟོད་གྲོང་ཚོའི་ཐང་སྟོང་དུ་བཙུགས་ཡོད་པ་དེ་དག་ཕུན་སུམ་ཚོགས་པའི་ཉི་འོད་གློག་ཤུགས་གཙང་མར་བསྒྱུར་བ་མ་ཟད། གྲོང་མིའི་འབབ་འཕར་ལམ་བུའི་དཀར་གསལ་སྒྲོན་མེ་ལྟ་བུར་ཡང་གྱུར་ཡོད། རྣམ་གྲངས་ལས་ས་གནས་དེ་གའི་མི་ཐེངས་1000ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་གྲོང་མིར་ཡོང་འབབ་སྒོར་ཁྲི་320ལྷག་ཙམ་འཕར་བ་མ་ཟད། ས་ཞིང་བོགས་གཏོང་གི་རྣམ་གྲངས་ཁོ་ནར་ཁེ་སྤོགས་སྒོར་ཁྲི་177རག་ཡོད་པ་རེད། སྤོས་ཀྱི་དྲི་ཞིམ་གང་སར་འཐུལ་ཞིང་། འོད་ཤུགས་ཤེལ་ལེབ་སྟར་སྒྲིག་དེ་དག་ཆུ་གསུམ་གྱི་དཔལ་འབྱོར་དར་རྒྱས་ལམ་བུའི་མཚོན་རྟགས་རང་བཞིན་གྱི་ཡུལ་ལྗོངས་གཞན་ཞིག་ཏུ་གྱུར་ཡོད།

    ཚོང་གཉེར་གྱི་ཞིང་ས་གཤིན་པོར་ཁེ་ལས་འཕེལ་རྒྱས་ཀྱི་ས་བོན་བཏབ་པ།

    སྤོས་དང་བོད་སྨན་སྨན་རྫས་ལས་སྣོན་ཞིབ་ཚགས་བྱེད་པ་ནས་འོད་ཤུགས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་པའི་བར། ཆུ་གསུམ་གྱི་དཔལ་འབྱོར་འཕེལ་རྒྱས་བྱུང་བའི་མན་ངག་ནི“ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པ་ལས་ཡག་ཤོས་མེད་པའི”འདུ་ཤེས་སེམས་ལ་གཏིང་ཟབ་ཟུག་པར་བྱས་ནས། ཁེ་ལས་ཀྱིས་ཚོར་ཐུབ་པ་དང་ཤེས་ཐུབ་པའི་སྟོབས་ཤུགས་དངོས་ལ་བསྒྱུར་བ་དེ་རེད།

    ལས་གཏོད་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། ཆུ་གསུམ་གྱིས་རྫོང་བབ་དང་ཟུང་འབྲེལ་བྱས་ཏེ། གཙོ་གནད་ཁེ་ལས་ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། སྣེ་འདྲེན་ཁེ་ལས་གསོ་སྐྱོང་བྱེད་པ། ཤེས་ལྡན་པ་གདན་ཞུ་བྱེད་པ། ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ་སོགས་ཐབས་མཆོག་ཁག་12གནད་ལ་འཁེལ་པོས་བཏོན་ནས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ་དང་གཞན་རྟེན་ལ་མཐུན་རྐྱེན་སྦྱར་ཡོད།

    སྤོས་ཀུང་སིས་ཐོན་རྫས་གསར་པ་གསར་སྤེལ་བྱས་ནས་ཁྲོམ་ར་རྒྱ་བསྐྱེད་པ་དང་། མཛངས་མི་ཀུང་སིས་སྨན་རྫས་ཀྱི་ཟུར་སྣོན་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་པ། ཧྭ་གློག་རྣམ་གྲངས་ཀྱིས“ཆུ་གསུམ་གྱི་མྱུར་ཚད”བཏོད་པ་བཅས་ཚང་མ་ནི་ཚོང་གཉེར་གྱི་ཞིང་ས་གཤིན་པོར་བཏབ་པའི་ཁེ་ལས་འཕེལ་རྒྱས་ཀྱི་ས་བོན་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།