དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དག་པ་གྲོང་ཚོར་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འཚོ་བར་མྱོང་རོལ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-17

    2020ལོར་གསར་འགོད་པ་དག་པ་གྲོང་ཚོར་ཐེངས་དང་པོར་བསྐྱོད་པ་དང་། དེ་དུས་ནི་མལ་གྲོ་གུང་དཀར་རྫོང་གིས་དག་པ་གྲོང་ཚོའི་ཕག་ར་ཚོགས་ཆུང་རྫོང་ཡོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དཔེ་སྟོན་ལས་གྲྭའི་ཚོད་ལྟའི་གྲོང་ཚོར་བརྩི་སྐབས་རེད། ལོ་ལྔ་སོང་རྗེས་སླར་ཡང་དག་པ་གྲོང་ཚོར་བསྐྱོད་དོན་ནི“ལྷ་སའི་གླིང་ཁ་ཡག་ཤོས་བཅུའི”ནང་ཚུད་པས་ཡིན།

    རྒྱལ་ལམ་318བརྒྱུད་ནས་མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོའི་ཕྱོགས་སུ་སྐྱོད་སྐབས་རླངས་འཁོར་གྱི་སྒེའུ་ཁུང་ནས་སེར་ཐིང་ངེར་གྱུར་པའི་ནས་ཞིང་མིག་ལམ་དུ་མངོན་ཞིང་། དལ་བུར་ལྡང་བའི་བསིལ་རླུང་དང་ལྷན་དུ་ལོ་ཡག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བ་དང་འོང་ཁའི་དཀྱིལ་ནས་སོ་ནམ་པའི་ངལ་རྩོལ་གླུ་ཆུང་སྙན་པོའང་རྣ་ལམ་དུ་གྲགས་འོང་།

    རྫོང་གྲོང་ནས་ཐོན་ཏེ་སྐར་མ་བཅུ་ལྷག་ཙམ་སོང་རྗེས་དག་པ་གྲོང་ཚོ་མིག་ལམ་འཆར་ཐུབ། གྲོང་ཚོའི་ཀྱག་ཀྱོག་གི་ལམ་བུ་ཁྱིམ་ཚང་ཚང་མའི་སྒོ་ཁར་བསྲིངས་ལ། བོད་བཟོའི་ཡུལ་མིའི་སྡོད་ཁང་རིམ་པ་སྟར་ཆགས་སུ་གནས་པ་དང་ཉི་འོད་འཕྲོས་པས་ན་གྱང་དཀར་པོ་ལས་ལྷག་ཏུ་དྭངས་གཙང་གི་སྣང་བ་ཞིག་ངང་གིས་སྦྱིན།

    “ལྷ་སའི་གླིང་ཁ་ཡག་ཤོས་བཅུའི”ནང་བདེ་བླག་ངང་ཚུད་པས་དག་པ་གྲོང་ཚོ་འདི་ཉིད་རྒྱལ་ལམ་318རྒྱུད་ཀྱི་རིག་གནས་ཡུལ་སྐོར་གྱི་གནས་རྟགས་གསར་པ་ཞིག་ཏུ་གྱུར་ཡོད། 2022ལོར་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན་མ་དངུལ་སྒོར་ཁྲི་4000ཙམ་བཏང་བས་དག་པ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་མ་ཟད། གསར་སྐྲུན་དང་སྒྱུར་བཀོད་བྱས་པའི་དམངས་སྲོལ་གནས་ཚང་8ལས་རང་སོ་སོའི་ཁྱད་ཆོས་མི་འདྲ་བ་མངོན་བཞིན་ཡོད། བརྐོས་ཀྱིས་བརྒྱན་པའི་སྨི་ངོས་གྲུ་254ཡོད་པའི་བོད་བཟོའི་ཁང་ཆེན་ནང་དེང་རབས་ཀྱི་ཇ་ཕོར་དང་དཔེ་དེབ་གྲལ་འགྲིག་པོར་བཤམས་ཡོད། 2024ལོར་སྒོར་ཁྲི་398ཁ་སྣོན་བྱས་ནས་མཛེས་བཟོ་བྱས་པ་ལས་དམངས་སྲོལ་གནས་ཚང་ལ་གསོལ་མགྲོན་ཁང་གི་སྔར་བས་སྐྱིད་སྣང་ལྡན་པ་དང་ད་དུང་ཁྱིམ་ཚང་གི་དྲོ་སྐྱིད་ཀྱང་སོར་འཇོག་ཐུབ་ཡོད།

    འཁྲུག་ཆ་དོད་ཤོས་ཀྱི་གནས་སུ་གྱུར་བའི་དག་པ་གླིང་ཁར། ད་ལོ་སྒོར་ཁྲི་18བཏང་ནས་སྒར་རྒྱག་ཁུལ་དང་། རོལ་རྩེད་ཁུལ། བོད་ཟས་ཁང་བཅས་སོ་སོར་དབྱེ་བ་དང་འབྲེལ། ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་ཀྱང་བཙུགས་ཡོད། ཞབས་ཞུའི་ལྟེ་གནས་སུ་ཡུལ་སྐོར་བས་ད་དུང་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་བསམ་བཀོད་ཐོན་རྫས་ལ་མྱོང་རོལ་བྱེད་ཆོག

    ད་ཆ། དམངས་སྲོལ་གནས་ཚང་དང་གླིང་ཁ་གཉིས་སྦྲེལ་མཐུད་ཡག་པོ་ཐུབ་ནས་རིག་གནས་དང་ཡུལ་སྐོར་ཉམས་ལེན་གྱི་འབྲེལ་ཐག་ཆ་ཚང་པོ་ཞིག་གྲུབ་ཡོད། གྲ་སྒྲིག་བྱེད་བཞིན་པའི་རྒྱལ་ལམ་318ཀྱི་ཉིན་གཅིག་ཡུལ་སྐོར་རྣམ་གྲངས་ནང་ད་དུང་འདི་གའི་བོད་བཟོའི་དགུང་ཟས་ཉམས་ལེན་བྱེད་རྒྱུ་ཡང་འཆར་འགོད་བྱེད་བཞིན་ཡོད་པ་རེད།

    གསེར་མདོག་གི་ཞིང་ཁ་ནས་ཕུན་སུམ་ཚོགས་པའི་སྔོ་ཚལ་དང་ཤིང་འབྲས་ཀྱི་དྲོད་ཁང་ཆེན་པོའི་བར་དང་། དྲོ་སྐྱིད་ལྡན་པའི་བོད་བཟོའི་གྲོང་མིའི་སྡོད་ཁང་ནས་འཚོ་བའི་ཉམས་སྣང་གིས་ཕྱུག་པའི་གླིང་ཁའི་བར། རྒྱལ་ལམ་318ལམ་རྒྱུད་དུ་གནས་པའི་གྲོང་ཚོ་ཆུང་ཆུང་འདིར་རྣམ་པ་གསར་རྐྱང་ཐོག་ནས“ལྷ་སའི་གླིང་ཁ་ཡག་ཤོས་བཅུའི”ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།