བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས་སྲིད་ཇུས་ཀྱི་ཆེད་དོན་དྲིལ་བསྒྲགས་བྱས་ནས།
དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་པ།
“རྒྱལ་ཁབ་ཀྱིས་བུ་གསོའི་ཁ་གསབ་སྤྲོད་རྒྱུ་ཡིན་པ་ཚང་མས་ཐོས་མོད། འོན་ཀྱང་ཇི་ལྟར་རེ་ཞུ་བྱས་ནས་ལེན་དགོས་པ་དང་རེ་ཞུ་བྱེད་སྐབས་དཔང་ཡིག་གང་དགོས་མིན་ཚང་མས་ད་དུང་གསལ་པོ་ཤེས་ཀྱི་མེད། དེ་རིང་ངས་རེ་ཞུའི་ཚད་གཞི་དང་སྤྲོད་ཡུན་སོགས་ནང་དོན་གཙོ་བོ་གསལ་བཤད་བྱེད་ཀྱི་ཡིན། དོགས་གཞི་ཡོད་ཚེ་ང་ཚོར་སྐད་ཆ་འདྲི་རོགས”ཞེས་བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་འཇིགས་གྲོལ་གྱིས་བཤད།
ཉིན་ཤས་གོང་། བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱི་བྱེད་སྒོ་ཁང་དུ་མི་ཚོགས་ཀྱིས་ཁེངས་པ་དང་། གྲོང་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི《བུ་གསོའི་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞིའི》ཆེད་དོན་དྲིལ་བསྒྲགས་ཚོགས་འདུ་ཚོགས་བཞིན་ཡོད་པ་རེད།
གྲོང་མི་ཚོས་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་ཡག་པོ་ཐུབ་ཆེད། ཐུབ་བསྟན་འཇིགས་གྲོལ་གྱིས་གསོན་ཉམས་ལྡན་པའི་དཔེ་མཚོན་འགའ་གྲ་སྒྲིག་བྱས་ཡོད། “ང་ཚོའི་སྡེ་ཁུལ་གྱི་གྲོང་མི་བཀྲ་ཤིས་ལ་ཕྲུ་གུ་གཅིག་ཡོད་པ་ཆ་བཞག་ན། གཏན་འབེབས་ལྟར་ལོ་ལྟར་ཁ་གསབ་དངུལ་སྒོར་3600སྤྲོད་པ་དང་། དངུལ་དེ་ཕྲུ་གུ་རང་ལོ་གསུམ་མ་ལོན་བར་སྤྲོད་ཀྱི་ཡོད”ཅེས་གསལ་བཤད་བྱེད་སྐབས་གྲོང་མི་ཚོས་མགོ་ལྕོག་ལྕོག་བྱས་པ་དང་། གྲོང་མི་ལ་ལས་ད་དུང་ལག་ཐོགས་ཁ་པར་ནས་རང་ཉིད་ལ་དངུལ་ཅི་ཙམ་རག་མིན་རྩིས་རྒྱག་བཞིན་འདུག
“ཁ་གསབ་དངུལ་ལེན་དགོས་ན་དཔང་ཡིག་གང་དག་གྲ་སྒྲིག་བྱེད་དགོས་སམ”ཞེས་གྲོང་མི་ཚོས་སྐད་ཆ་དྲིས།
“ཁྱིམ་བདག་གིས་དངུལ་སྤྲོད་འབོ་དང་སྐད་འཕྲིན་གྱི‘བུ་གསོའི་ཁ་གསབ’ཅེས་པའི་བྱ་རིམ་ཆུང་ངུའམ་ཡང་ན་བོད་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་བརྒྱུད་དྲ་ཐོག་ནས་གཉེར་ཆོག་ལ། ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་གནས་སའི་ཤང་དང་གྲོང་རྡལ་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)དུའང་གཉེར་ཆོག རེ་ཞུ་བྱེད་སྐབས་ཕྲུ་གུ་དམར་འབྱར་གྱི《ཕྲུ་གུ་སྐྱེས་པའི་སྨན་ཁང་གི་དཔང་ཡིག》དང《གྲོང་མིའི་ཐེམ་ཐོ》 དེ་བཞིན་རེ་ཞུ་བྱེད་མཁན་གྱི་འབྲེལ་ཡོད་དཔང་ཡིག་བསྟན་དགོས”ཞེས་ཐུབ་བསྟན་འཇིགས་གྲོལ་གྱིས་མུ་མཐུད་གསལ་བཤད་བྱས།
ཐུབ་བསྟན་འཇིགས་གྲོལ་གྱིས་སྲིད་ཇུས་འགྲེལ་བཤད་བྱེད་ཞོར“གལ་ཏེ་ཚང་མར་རེ་ཞུ་བྱེད་སྐབས་དཀའ་ངལ་འཕྲད་ན་སྡེ་ཁུལ་དུ་ཤོག ང་ཚོའི་ལས་དོན་པས་རོགས་པ་བྱས་ནས་ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་ཚང་མས་ཁ་གསབ་དངུལ་རེ་ཞུ་ཐུབ་པ་བྱེད་ཀྱི་ཡིན”ཞེས་སེམས་རྩ་འཁོལ་པོས་བཤད།
ད་ཐེངས་ཀྱི་ཆེད་དོན་དྲིལ་བསྒྲགས་ཚོགས་འདུའི་ཐོག་བར་སྐོར་རབ་གསལ་སྡེ་ཁུལ་གྱི་གྲོང་མི་ཚོས་བུ་གསོའི་ཁ་གསབ་སྲིད་ཇུས་ཤེས་རྟོགས་གང་ལེགས་ཐུབ་ཡོད། སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་དུད་ཚང་དུ་བཅར་འདྲིར་སྐྱོད་པ་དང་སྐད་འཕྲིན་གྱི་ཚོགས་པར་འབྲེལ་ཡོད་གནས་ཚུལ་བསྐུར་བ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ལ། སྲིད་ཇུས་བློ་འདྲིའི་བྱེད་ཐབས་ནས་རེ་ཞུའི་མཛུབ་ཁྲིད་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་དམངས་ཕན་སྲིད་ཇུས་འདི་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།
ཐུབ་བསྟན་འཇིགས་གྲོལ་གྱིས་“སྲིད་ཇུས་ཀྱི་འགག་རྩ་ནི་དོན་འཁྱོལ་བྱ་རྒྱུར་ཐུག་ཡོད། ང་ཚོས་དུད་ཚང་དང་མི་ཚང་མས་ཏང་གི་ཐུགས་ཁུར་ཟབ་མོ་ཚོར་བ་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།