ལྷ་རྩེ་རྫོང་དོན་གླིང་གྲོང་ཚོའི་དགྲ་འདུལ་གྱིས་བརྗོད་དོན།
“ཕྲུ་གུར་རིག་གནས་མེད་པའི་དཀའ་སྡུག་མྱོང་དུ་འཇུག་མི་རུང”
འབྲས་ལྡན་དུས་སུ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ཞིང་ནང་དུ་སེར་ཐིང་ཐིང་གི་ཉམས་དགའ་བའི་རྣམ་པ་ཞིག་མངོན།
ཉིན་གང་ཞིང་ལས་ལ་བྲེལ་བའི་ཆུ་ཤར་གྲོང་རྡལ་དོན་གླིང་གྲོང་ཚོའི་མང་ཚོགས་དགྲ་འདུལ་ཁྱིམ་དུ་ལོག་རྗེས་ཕ་ཡུལ་ནས་བྲལ་ཏེ་ལས་ཞུགས་བྱས་པའི་བུ་མོ་འབྲིང་བར་བརྙན་ལམ་ནས་ཁ་པར་བརྒྱབ།
“གནམ་གཤིས་གྲང་དུ་འགྲོ་གི་འདུག་པས་གྱོན་གོས་མཐུག་ཙམ་གྱོན་པ་དང་ཆམ་པ་མི་ཕོག་པ་གྱིས་ཤིག”
“འགོ་ཁྲིད་ཀྱི་བཀའ་ལ་ཉན་པོ་བྱས་ཏེ་ལས་ཀ་ཧུར་ཐག་གྱིས་ཨང”
“པཱ་ལགས་ཐུགས་བློ་བདེ་པོ་གནང་ཞིག ངས་རང་ཉིད་ལ་ལྟ་རྟོག་ཡག་པོ་དང་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད”
ཕ་དགྲ་འདུལ་གྱིས་ངང་རྒྱུད་རིང་པོས་སློབ་གསོ་བརྒྱབ་པ་དང་བུ་མོས་ནན་ཏན་ངང་ལན་བཏབ།
ཁོམ་པ་ཡོད་སྐབས། ལོ་68ལ་སླེབས་པའི་དགྲ་འདུལ་གྱིས་གྱང་སྟེང་དུ་བཀལ་བའི་ཕྲུ་གུ་ཚོའི་སློབ་ཆེན་སློབ་ཐོན་ལག་ཁྱེར་ཕྱིས་བདར་རྒྱག་ཞོར་སྔར་སོང་གི་འདས་དོན་དྲན་གསོ་བྱས།
དགྲ་འདུལ་གྱིས“རང་ཉིད་ཆུང་དུས་གྲོང་ཚོའི་ནང་ཡིག་ངོ་ཆོད་མཁན་ཁ་ཤས་ལས་མེད” ཁྱིམ་དུ་ལས་ཀ་བྱེད་མཁན་མེད་སྟབས་དམའ་རིམ་སློབ་འབྲིང་ནས་སློབ་མཚམས་མི་འཇོག་ཀ་མེད་བྱུང་བ་དེ་ནི་བློ་ཕམ་ཆེ་ཤོས་དེ་རེད་ཅེས་བཤད།
2003ལོར་དགྲ་འདུལ་གྱི་མི་ཚེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། དོན་གླིང་གྲོང་ཚོར་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་དཔྱིད་རླུང་ལྡང་བ་དང་། ཁོང་གིས་དབུལ་སྐྱོར་འབོར་ཉུང་དངུལ་བུན་རེ་ཞུ་བྱས་ཏེ་གྲོང་ཚོར་བརྒྱ་ཟོག་ཚོང་ཁང་དང་པོ་དེ་བཙུགས།
དེ་རྗེས་ཀྱི་ལོ་གཉིས་རིང་། ཁོང་གིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དངུལ་བུན་གཙང་འཇལ་ཐུབ་པ་མ་ཟད། ད་དུང་བཅོལ་དངུལ་ཡང་ཕྲན་བུ་གསོག་ཡོད་པ་རེད།
2006ལོར་སྲིད་གཞུང་གིས་ཞིང་པར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ལྕག་སྐུལ་བྱེད་པའི་གོ་སྐབས་བཟང་པོ་དང་བསྟུན་ནས། ཁོང་གིས་སླར་ཡང་ཆུ་ཤར་གྲོང་རྡལ་དུ་བ་གླང་གསོ་ཚགས་ར་བ་བཙུགས་མཐར་ཁྱིམ་གྱི་འཚོ་བ་རིམ་བཞིན་ཇེ་ལེགས་སུ་སོང་ཡོད།
དགྲ་འདུལ་གྱིས། “ཕྲུ་གུར་རིག་གནས་མེད་པའི་དཀའ་སྡུག་མྱོང་དུ་འཇུག་མི་རུང”ཞེས་བརྗོད། ཕྱིས་སུ་ཁྱོ་ཤུག་གཉིས་པོའི་འབད་བརྩོན་འོག ཕྲུ་གུ་གཅིག་ཀྱང་སློབ་མཚམས་ཆད་མེད་ལ་བུ་ཕྲུག་བཞི་པོས་ཀྱང་ཕ་མའི་རེ་བ་ཆུད་ཟོས་སུ་བཏང་མེད་པར། ཚང་མ་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་པ་མ་ཟད་ལས་ཞུགས་ཀྱང་ཐུབ་ཡོད་པ་རེད།
རང་ཉིད་སློབ་མཚམས་བཞག་སྟེ་ལྟོ་གོས་འཚོལ་དགོས་བྱུང་བ་ནས། བུ་ཕྲུག་ཚང་མ་རིག་གནས་ཡོད་པ་དང་འཇོན་ཐང་ཅན་དུ་གྱུར་པའི་བར། དགྲ་འདུལ་གྱི་མི་ཚེའི་འགྱུར་ལྡོག་དེ་ནི་བོད་ཀྱི་ལོ་ངོ་60ཡི་རིང་གི་འཕེལ་རྒྱས་ཀྱི་མཚོན་ཚུལ་རེད་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་དང་མང་ཚོགས་ཀྱིས་འབད་འཐབ་བྱས་པའི་འབྲས་བཟང་ཞིག་ཀྱང་རེད།
“རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་མེད་ཚེ། ད་ཆའི་ངེད་ཚོའི་འཚོ་བ་ཡག་པོ་འདི་ལྟ་བུ་ཡོང་མི་སྲིད”ཅེས་དགྲ་འདུལ་གྱིས་མྱོང་ཚོར་ཆེན་པོས་བརྗོད། དབུལ་སྐྱོར་བུན་གཡར་དང་ཐོན་ལས་ལ་རོགས་སྐྱོར་བྱེད་པ་ནས་སློབ་གསོ་ཀུན་ཕན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་བར། རྒྱལ་ཁབ་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་འདིང་རོགས་བྱས་ཏེ། ས་གཞི་ཆེན་པོ་འདི་ཉིད“ཐང་རྒོད”ནས“དར་རྒྱས”ཕྱོགས་སུ་འཕོ་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།