དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་དུ་ས་བབ་སྨི་5000ཡན་གྱི་ཞིང་འབྲོག་པ་ཁྱོན་ཡོངས་ལ་དྲོད་རླངས་མཁོ་འདོན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-17

    ཉེ་ཆར། གསར་འགོད་པར“བོད་རང་སྐྱོང་ལྗོངས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ཕན་འབྲས་ཀྱི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ”ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་ཁག་དང་པོ་བདེ་བླག་ངང་ལག་ལེན་བསྟར་བ་དང་བསྟུན་ནས་རང་ལྗོངས་ཀྱི་ས་བབ་སྨི་5000ཡན་གྱི་ཞིང་འབྲོག་པ་ཁྱོན་ཡོངས་ལ་དྲོད་རླངས་མཁོ་འདོན་ཐུབ་ནས་ཞིང་དུད་1500ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་མཐོའི་རང་བྱུང་ཆ་རྐྱེན་དང་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་མ་ལག་བཙུགས་ཏེ། ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཐད་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་ཚོད་ལྟ་བྱས་ནས་རྣམ་གྲངས་གཉེར་སྐྱོང་གི་སྤུས་ཚད་དང་རྒྱུན་མཐུད་ཆོག་པའི་རང་བཞིན་མཐོ་རུ་བཏང་ཡོད། བསྡོམས་རྩིས་བརྒྱབ་པ་ལྟར་ན། མིག་སྔར་དམིགས་བསལ་ཆོག་འཐུས་ཀྱི་ཚོད་ལྟའི་རྣམ་གྲངས་ཁག་7གྱིས་ཁྱོན་བསྡོམས་སྤྱི་ཚོགས་ཀྱི་མ་རྩ་སྒོར་དུང་ཕྱུར་38ཙམ་འདྲེན་འགུགས་བྱས་ཏེ། དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་600ལྷག་གསར་སྐྲུན་དང་སྒྱུར་བཀོད་བྱས་པས་མང་ཚོགས་མི་ཁྲི་20ཙམ་ལ་ཕན་པ་ཐོབ་ཡོད།

    རྣམ་གྲངས་ཀྱིས་ཞིང་འབྲོག་པའི་ཡོང་འབབ་ཀྱི་གནས་ཚུལ་དང་དྲོད་རླངས་མཁོ་འདོན་སྒྲིག་ཆས་ཀྱི་གྲོན་ཆུང་རང་བཞིན་ཟུང་དུ་འབྲེལ་ཏེ། ལག་རྩལ་གྱི་ཐབས་ལམ་གསར་པ་ཚོད་ལྟ་བྱས་ནས“འོད་ཤུགས་གློག་གཏོང་དང་། གློག་རྫས་ནང་གློག་གསོག་པ། ཚ་ནུས་མཁོ་འདོན་གྱི་མཐའ་སྣེ”བཅས་ཟུང་འབྲེལ་དང་། “ཚ་འོད་དང་། ཚ་ནུས་གསོག་འཇོག གཉིས་འབྲེལ་མཁོ་འདོན”བཅས་ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་ཞིང་འབྲོག་པར་དྲོད་ལེན་རྒྱུ་ཡོད་པ་མ་ཟད། ཆུ་ཚ་པོར་གཟུགས་པོ་འཁྲུད་ཐུབ་པའང་བྱས་པས། ས་མཐོའི་མི་དམངས་གཙང་ཞིང་སེམས་ཁྲལ་མེད་པ་དང་། དྲོ་སོབ་སོབ་ཀྱི་དགུན་ཁ་ཞིག་སྐྱེལ་རྒྱུ་ཡོང་བར་འགན་ལེན་ནུས་ལྡན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།