《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》 དུས་དེབ་འདོན་ཐེངས་20པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས》བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2021ལོའི་ཟླ་བ་9པ་ནས་2025ལོའི་ཟླ་བ་9པ་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བསྡུས་བྱས་པ་ཞིག་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། དེང་སྐབས་འཛམ་གླིང་དུ་ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་མང་དུ་ལས་ཉུང་དུ་འགྲོ་ཡི་མེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་བཏོན་པ་ནི་གོང་གསལ་མཚལ་ཡིག་གི་གནད་དོན་ཐག་གཅོད་བྱས་ཏེ། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཆེད་རེད།
རྩོམ་ཡིག་ནང་བསྟན་དོན། འཕེལ་རྒྱས་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་རེད། ང་ཚོས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་ལེན་བསྟར་བའི་དམིགས་ཡུལ་ནི་འཕར་བའི་གོ་སྐབས་ཀྱི་ཀུན་ཕན་མངོན་འགྱུར་དང་། འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གི་བསྟུན་མཁས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་པ་དང་། “སའི་གོ་ལའི་གྲོང་ཚོའི”ནང་གི་རྒྱལ་ཁབ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་པ། གཉིས་ཕན་གྱི་འདུ་ཤེས་གཅིག་མཐུན་ཡོང་བ་བཅས་ཀྱི་ཆེད་དུ་རེད། སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ཀུན་ཕན་བསྟུན་མཁས་བྱ་རྒྱུ་མཐའ་འཁྱོངས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས། བྱ་སྤྱོད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་དོ་སྙོམས་དང་། མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་མིའི་རིགས་ནི་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་ཀྱི་གཅིག་མཐུན་ཚོགས་པ་རེད།རྒྱལ་ཁབ་དང་རྒྱལ་ཁབ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་དེང་དུས་སུ་རང་ངོས་རྦད་དེ་བདེ་འཇགས་དང་བདེ་འཇགས་ཁེར་སྤྱོད་ཟེར་བ་དོན་གཉེར་བྱེད་པ་ནི་ཡོང་ཐབས་མེད་པ་ཞིག་རེད། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ནི་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་དར་སྤེལ་བཏང་སྟེ། དེ་བས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ཀྱི་གཞི་སྒྲོམ་ཞིག་འཛུགས་རྒྱུ་དེ་རེད། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཁག་གིས་ལུགས་དང་མཐུན་པར་བདེ་འཇགས་ལ་དོ་ཁུར་བྱེད་པར་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས། གླེང་མོལ་དང་གྲོས་མོལ་ལ་བརྟེན་པ་དང་ཞི་བའི་ཐབས་ལ་བརྟེན་ནས་རྒྱལ་ཁབ་བར་གྱི་འགལ་བ་དང་རྩོད་གཞི་སེལ་རྒྱུ་མཐའ་འཁྱོངས། སྲོལ་རྒྱུན་གྱི་ཁྱབ་ཁོངས་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྤྱི་འདོམས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཤེས་དཔལ་སྣ་མང་ནི་འཛམ་གླིང་གི་རང་བཞིན་རེད། རྒྱལ་ཁབ་ཁག་གི་མདུན་ལམ་དང་ལས་དབང་དམ་པོར་འབྲེལ་བའི་དེང་གི་དུས་སུ་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཤེས་དཔལ་དར་རྒྱས་གཏོང་བའི་མེ་ཏོག་ལྡུམ་རའི་ནང་། ཤེས་དཔལ་མི་འདྲ་བ་བསྟུན་མཁས་མཉམ་གནས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་སྣ་ཚོགས་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་ཆེད་རེད། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཐུན་མོང་ཐོག་དར་སྤེལ་བཏང་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་ཆོས་རིག་གནས་སྤེལ་རེས་དང་། རིག་གནས་མཉམ་འདྲེས། དམངས་སེམས་གཅིག་འབྲེལ་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་ནས་བཀྲག་མདངས་དེ་བས་འཚེར་བ་དང་སྐྱེ་སྟོབས་ཀྱི་དཔལ་དེ་བས་འབར་བར་བྱེད་དགོས།
རྩོམ་ཡིག་ནང་ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད་ལ། ལོ་རྒྱུས་བློ་ལ་བརྟན་པོར་འཆང་བ་དང་འབྱུང་འགྱུར་མཉམ་དུ་གཏོད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད། ལོ་ངོ་80ཡི་གོང་དུ། འཛམ་གླིང་དམག་ཆེན་ཐེངས་གཉིས་ལངས་ནས་གོད་ཆག་ཆེན་པོ་བྱུང་སྟེ་རྒྱལ་སྤྱིའི་སྤྱི་ཚོཌ་ལ་དཀའ་སྡུག་ཆེན་པོ་བཟོས་ཤིང་། སྐབས་འདིར་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཏེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་འགོ་གསར་པ་ཞིག་བརྩམས་ཡོད། ལོ་ངོ་80ཡི་རྗེས་སུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ལ་འགྱུར་བ་བྱུང་མེད་མོད། འོན་ཀྱང་འཇམ་འཐབ་བསམ་བློ་དང་། བཙན་དབང་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ཀྱི་དུ་ཞག་སྔར་བཞིན་འཁྲིགས་པ་དང་། ཉེན་ཁ་དང་འགྲན་སློང་གསར་པ་མང་དུ་ལས་ཉུང་དུ་ཕྱིན་མེད་པ། འཛམ་གླིང་འདི་ཉིད་གཡོ་འགུལ་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པར་སླེབས་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱ་རྒྱུ་དེ་ལམ་བཞི་མདོ་ཁ་གསར་པར་སླེབས་ཡོད། དཀའ་ངལ་ཇི་ཙམ་ཆེ་ན་ཞི་བདེ་མཉམ་གནས་ཀྱི་ཐོག་མའི་བསམ་འདུན་དེ་ཙམ་གྱིས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མཉམ་ལས་མཉམ་ཕན་གྱི་གདེང་ཚོད་བརྟན་དུ་གཏོང་དགོས་པ། ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་ལོ་རྒྱུས་ཀྱིས་ང་ཚོར་བརྗོད་ཡོད། དེར་བརྟེན་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་འགོ་བཏོན་ཏེ་རྒྱལ་ཁབ་ཁག་དང་མཉམ་དུ་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་ལག་གདང་སྦྲེལ་ནས་བསྐྱོད་རྒྱུ་ཡིན་པ་སྟེ། གཅིག བདག་དབང་འདྲ་མཉམ་ལག་བསྟར་དང་། གཉིས། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་། གསུམ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། བཞི། མི་རྩ་བར་འཛིན་རྒྱུ་དར་སྤེལ་གཏོང་བ། ལྔ། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བཅས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
འབྲེལ་ཡོད་གསར་འགྱུར།