ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུའུ་ཀྲང་སྐལ་བཟང་རྣམ་རྒྱལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཡུན་ནན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། ཉིན་ཤས་གོང་། ཡུན་ནན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཡུན་ནན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུའུ་ཀྲང་སྐལ་བཟང་རྣམ་རྒྱལ་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། སྐལ་བཟང་རྣམ་རྒྱལ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་ཡང་། ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་དུ་བསྐྱུར་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་སྒྲིག་འགལ་ངང་དོ་དམ་བྱ་ཡུལ་དང་ཞབས་འདེགས་ཞུ་ཡུལ་ས་ནས་ལག་རྟགས་དང་འབུལ་རྟེན་བླངས་པ་དང་། རྩ་འཛུགས་ཀྱི་རྩ་དོན་ལས་རྒྱབ་འགལ་བྱས་པ། མི་སྒེར་གྱི་འབྲེལ་ཡོད་དོན་གནད་སྙན་སེང་ཞུ་དགོས་པའི་གཏན་འབེབས་ལས་འགལ་ཏེ་ཁང་པ་ཡོད་ཀྱང་སྦ་གསང་བྱས་ནས་སྙན་སེང་མ་ཞུས་པ། དབང་ཆའམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་སོང་མི་གཞན་དག་ལ་གཏོང་དུ་བཅུག་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭ་འགན་གཙང་ལེན་རོགས་བྱེད་པ་སོགས་ཐད་ནས་ཁེ་ཕན་རག་ཐབས་བྱས་པར་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་འབྲེལ། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ལའང་མཚམས་དང་ཚོད་བྱས་མེད། དེའི་ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཡུན་ནན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཡུན་ནན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། སྐལ་བཟང་རྣམ་རྒྱལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། ཡུན་ནན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་འབུད་པའི་ཆད་པ་བཅད་པ། སྒྲིག་འགལ་ཁྲིམས་འགལ་བྱས་ནས་བྱུང་བའི་ཐོབ་ཆ་དག་གཞུང་བཞེས་བཏང་བ། ད་དུང་ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་རྒྱག་པར་རྩིས་སྤྲོད་རྒྱུ་མ་ཟད། དེ་འབྲེལ་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།