བོད་ལྗོངས་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་800ལྷག་ཙམ་བསྐྲུན་པ།
འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་སྣང་དོད་དུ་སོང་བ།
བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ཧང་ཅ་གྲོང་གསར་དུ་སྟར་འགྲིག་ཐོག་བརྩེགས་ཉིས་ལྡན་གྱི་སྡོད་ཁང་གསར་པ་མང་པོ་ཞིག་མི་རྣམས་ཀྱི་མིག་མདུན་དུ་ཁྲ་ལྷམ་མེར་མངོན། “ངའི་ཁང་པ་གསར་པར་ཕེབས་པར་དགའ་བསུ་ཞུ” ཡུལ་མི་སྙན་གྲགས་ཀྱི་ཁང་པ་དཀར་ཆ་དོད་ཅིང་གཙང་སྦྲ་ལྡན་པ་དང་། ཁྱིམ་ཆས་གང་དགོས་ཚང་མ་འཛོམས་ཤིང་། “སྔོན་ཆད་འབྲོག་ཁུལ་གྱི་གུར་ནང་སྡོད་སྐབས། དྲོད་ལེན་པར་རྡོ་སོལ་ལ་བརྟེན་དགོས་པ་དང་། ཆར་པ་བབ་སྐབས་ཐིགས་པ་རྒྱག་གི་ཡོད། སྡོད་ཁང་གསར་པར་སྤོས་རྗེས། གློག་དང་དྲོད་གཏོང་ཚང་མ་འགན་སྲུང་ཡོད་པ་མ་ཟད། ད་དུང་དྲ་ཆེན་ཡང་ཤར་གཏོང་ཐུབ་ཡོད”ཅེས་སྙན་གྲགས་ཀྱིས་བརྗོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་འབྲེལ་ཡོད་དམངས་འཚོའི་འདུ་འགོད་མུ་མཐུད་ལག་ལེན་བསྟར་ཏེ། བརྩེ་སེམས་ཟབ་མོར་བརྟེན་ནས་དམངས་འཚོའི་བྱ་བ་དངོས་ལེགས་པར་བསྒྲུབས་ཡོད། ས་བབ་མཐོ་བའི་ས་ཁུལ་དུ་གཅིག་སྡུད་དྲོད་གཏོང་དང་གསོ་རླུང་མཁོ་འདོན་ཐུབ་པ་དང་། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་དུས་ཚིགས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ཐག་གཅོད་ཐུབ་པ། གློག་མཁོ་འདོན་ཐད་བློས་འཁེལ་ཚད་མཐོ་རུ་ཕྱིན་པ། འོད་སྐུད་དྲ་ཆེན་དང་4Gདྲ་རྒྱ་ཡོངས་སུ་ཁྱབ་པ་ལ་སོགས་དམངས་འཚོའི་བྱ་བ་དངོས་རབ་དང་རིམ་པ་དོན་འཁྱོལ་བྱུང་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྐྱིད་སྣང་དོད་ལ་སྟབས་བདེ་བའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
“མིག་སྔར། བོད་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་800བསྐྲུན་པས། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཙམ་ཟིན་པ་དང་། ཞིང་འབྲོག་ཁུལ་དུ་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་80%ཡན་ཟིན་ནས་མི་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས་ངོ་སྤྲོད་བྱས།
སྙན་གྲགས་ཀྱི་ཁྱིམ་དང་ཐག་མི་རིང་བའི་སར་གྲོང་ཚོའི་འཕྲོད་བསྟེན་ཁང་ཡོད་ཅིང་། དེ་གར་གསོ་རླུང་བཟོ་ཆས་དང་། སྨན་རླངས་རྔུབ་ཆས། གློག་རྡུལ་ཁབ་བཙའི་ཡོ་བྱད་སོགས་སྒྲིག་ཆས་གྲལ་སྟར་འགྲིག་པོར་བཞག་ཡོད་པ་དང་། གྲོང་ཚོའི་སྨན་པ་ཆོས་ཉིད་དབང་མོས་ཡུལ་མིར་རྒྱུན་སྲོལ་གྱི་བརྟག་དཔྱད་བྱང་ཆུབ་པོས་བྱེད་བཞིན་ཡོད། ཁོང་གིས་དུས་ཚིགས་རེར་ཡུལ་མི་ཡོངས་ལ་ཁྲག་ཤེད་ཐེངས་རེ་ལྟ་ཡི་ཡོད་པ་དང་། དབང་པོ་སྐྱོན་ཅན་དང་རྒན་རྒོན་སོགས་གཙོ་གནད་ཚོགས་སྤྱིར་ཁྲག་ཤེད་དེ་བ་མང་པོ་ལྟ་ཡི་ཡོད་པ་རེད། “ད་ལོའི་ཟླ་བ་3པར། གྲོང་ཚོའི་འཕྲོད་བསྟེན་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པས་ཡུལ་མི་ཚོར་སྤུས་ཚད་དེ་བས་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད”ཅེས་ཆོས་ཉིད་དབང་མོས་བརྗོད།
ནག་ཆུ་གྲོང་ཁྱེར་ནི་སྔོན་ཆད་སྨན་པ་དཀོན་ལ་སྨན་རྫས་ཉུང་བའི་ས་ཆ་ཞིག་ཡིན་པས། མང་ཚོགས་རྣམས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་ས་ཐག་རིང་པོར་འགྲོ་དགོས་ཀྱི་ཡོད། ད་ཆ་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྱོན་ཡོངས་ལ་ཁྱབ་ཡོད་པས་ཞིང་འབྲོག་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩར་སྟབས་བདེའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཆབས་ཅིག མིག་སྔར་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྱོན་བསྡོམས་7231དང་འཕྲོད་བསྟེན་ལག་རྩལ་མི་སྣའི་བསྡོམས་འབོར་50766ཟིན་ནས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་ཕྱིན་ཡོད།
མིག་སྔར་ནག་ཆུ་གྲོང་ཁྱེར་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་462བསྐྲུན་པ་དང་འོས་འགན་སློབ་གསོ་ལག་བསྟར་ཐུབ་ཚད་98%དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པས། བྱིས་པ་སྔར་ལས་མང་བ་ཞིག་གིས་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་འགོ་ཚུགས་ཡོད། “ཏང་དང་སྲིད་གཞུང་གི་རོགས་རམ་འོག འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་སྣང་དོད་དུ་འགྲོ་བཞིན་ཡོད”ཅེས་སྙན་གྲགས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད།
འབྲེལ་ཡོད་གསར་འགྱུར།