ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་གནང་བའི་བཞེད་དོན་གཙོ་བོའི་གསུང་བཤད་ལ་རྒྱལ་སྤྱིའི་མི་སྣའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་10ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད། རྒྱལ་ཁབ་110ལྷག་ཙམ་ནས་ཡོང་བའི་གཙོ་བདག་དང་། སྲིད་གཞུང་གི་འགོ་འཛིན་པ། གྲོས་ཚོགས་ཀྱི་འགོ་ཁྲིད་པ། ཙུང་ལི་གཞོན་པ་རིམ་པའི་དཔོན་རིགས། པུའུ་ཀྲང་རིམ་པའི་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་ཞུགས་པ་རེད། རྒྱལ་ཁབ་མང་པོའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གོ་ལ་ཧྲིལ་པོའི་ཕོ་མོ་འདྲ་མཉམ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་པ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་མགྱོགས་སུ་བཏང་སྟེ། ཐུན་མོང་ཐོག་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།
“ཀྲུང་གོས་དངོས་སྒྲུབ་ཀྱི་བྱ་ཐབས་བརྒྱུད་བུད་མེད་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་སྦྱོར་བཞིན་ཡོད”
བུད་མེད་ནི་མིའི་རིགས་ཀྱི་ཤེས་དཔལ་སྲོལ་གཏོད་པ་དང་། སྐུལ་འདེད་པ། རྒྱུན་འཛིན་པ་བཅས་གལ་ཆེན་ཡིན་པས། བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཕོ་མོ་འདྲ་མཉམ་ཡོང་བར་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་པ་དང་བུད་མེད་ལ་དབང་ཆ་སྤྲོད་པར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད་ལ། བུད་མེད་ལ་སློབ་གསོ་ཐོབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ཀྱི་ཁྲོད་ནུས་པ་དེ་བས་གལ་ཆེན་འདོན་བཞིན་ཡོད་ཅེས་གསུངས་ཡོད།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་བུད་མེད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་ལ། བུད་མེད་ལ་གཟི་བརྗིད་ཆེ་བའི་མི་ཚེ་དོན་སྙིང་ཡོང་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པའི་ནན་བཤད་ཀྱང་གནང་ཡོད”ཅེས་པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་དྲུང་ཆེ་ཐན་ཙན་ནི་ཡའི་བུད་མེད་དོན་བྱེད་མཁན་པོ་གྲགས་ཅན་ཀེ་ཐེ་ལུའུ་ཏེ·མོང་ཀའེ་ལཱ་ཡིས་བརྗོད་པ་དང་། ཁོང་གིས“རང་ཉིད་པེ་ཅིང་དུ་ད་ཐེངས་ཀྱི་དབུ་ཚོགས་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ང་ཚོར་པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ཚུན་སྤྱད་པའི་བྱ་སྤྱོད་ལ་བསྐྱར་དུ་གདེང་འཇོག་བྱེད་པའི་གོ་སྐབས་རག་པ་དང་། དེ་ནི་ང་ཚོས《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》དོན་འཁྱོལ་བྱེད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད”ཅེས་བརྗོད།
ཏུའོ་སྨི་ཉི་ཁེའི་ཙུང་ཐུང་པོ་ཏུན་གྱིས“ང་ཚོ་མཉམ་དུ་འཛོམས་ཏེ་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་དབུ་ཚོགས་འཚོགས་ནས་ང་ཚོའི་ཐུན་མོང་གི་ཁས་ལེན་བསྐྱར་བསྒྲགས་བྱས་ཏེ་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་དང་། བུད་མེད་དང་ན་ཆུང་བུ་མོར་དབང་ཆ་སྤྲོད་པ། གོ་ལ་ཧྲིལ་པོའི་བུད་མེད་ཀྱི་ཁེ་དབང་ལ་རྒྱབ་སྐྱོར་བཅས་བྱས་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་དབུ་ཚོགས་འཚོགས་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏུའོ་སྨི་ཉི་ཁེས་ཡར་ཐོན་གྱི་རྨང་གཞི་ནི་རོགས་ཟླའི་འབྲེལ་བ་དང་མཐུན་སྒྲིལ་ཡིན་པར་ངོས་འཛིན་ཐུབ་བྱུང་བས་ང་ཚོས་ཀྲུང་གོ་དང་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་གི་ཡིན”ཞེས་བརྗོད།
“གོ་ལ་ཧྲིལ་པོའི་བུད་མེད་ཀྱི་གནས་བབ་དང་ཁེ་དབང་སྔར་བས་མཐོ་རུ་འགྲོ་རྒྱུ་རེད”
མིག་སྔར། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྔར་བཞིན་རྙོག་འཛིང་ཆེ་བའི་འགྲན་སློང་འཕྲད་བཞིན་ཡོད་ཅིང་། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་མགྱོགས་སུ་གཏོང་བར་དེ་བས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། དེ་བས་ཡངས་པའི་འགྲོ་ལམ་གསར་གཏོད། དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད་སྤེལ་བ་བཅས་བྱ་ཆེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“བུད་མེད་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ཕན་པའི་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་གཏོད་དགོས་པ”དང་། “བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཐུན་མོང་ཐོག་སྐྱེད་སྲིང་བྱེད་དགོས་པ”“བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བཅོས་སྐྱོང་རྣམ་པ་ཐུན་མོང་ཐོག་གཏོད་དགོས་པ”“གོ་ལ་ཧྲིལ་པོའི་བུད་མེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་རྐྱང་ཞིག་ཐུན་མོང་ཐོག་རྩོམ་དགོས་པ”བཅས་ཀྱི་གྲོས་འགོ་བཞི་བཏོན་གནང་བ་རེད།
ཕ་ཁི་སི་ཐན་གྲོས་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་དྲུང་ཡིག་ཁྲུའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་ཚོགས་ཆུང་གི་བློ་འདྲི་བ་ཧྲ་ཅིར·ལཱ་མའེ་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དེས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་དབུལ་པོའི་བུད་མེད་ཀྱི་འཚོ་བའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་གོ་སྐབས་ལ་ཚད་མཐོའི་དོ་ཁུར་གནང་ལུགས་མཚོན་ལ། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་པའང་མཚོན་གྱི་ཡོད”ཅེས་བརྗོད།
ནི་ཁ་ར་ཀྭ་ཡི་ཙུང་ཐུང་ལས་ཤག་གི་བསམ་བཀོད་དཔལ་འབྱོར་ཨུ་ལྷན་གྱི་མཐུན་སྦྱོར་བ་ཁཱ་སྨི་ལ·ཨོར་ཐེ་ཅཱ་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དེ་དག་ཞིབ་ཚགས་ལ་དངོས་དོན་གཉེར་བའང་ཡིན་པས། གོ་ལ་ཧྲིལ་པོའི་བུད་མེད་ཀྱི་གནས་བབ་དང་ཁེ་དབང་སྔར་བས་མཐོ་རུ་གཏོང་ཐུབ་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཡང་རྒྱ་ཁྱབ་ཐོབ་རྒྱུ་རེད”ཅེས་བརྗོད།
མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ལ་ཁྱད་གསོད་མེད་པར་བཟོ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནཱ་ལ་ཧའེ་ཏ་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དང་བཞེད་ཚུལ་ལས་ཀྲུང་གོས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བའི་ལངས་ཕྱོགས་བརྟན་པོ་དང་བུད་མེད་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཐུན་རྐྱེན་སྐྲུན་མགྱོགས་སུ་གཏོང་བའི་ཁས་ལེན་ནུས་ལྡན་མངོན་ཡོད། ཀྲུང་གོས་ན་ཆུང་བུ་མོའི་སློབ་གསོ་དང་བུད་མེད་དབུལ་པོ་ཉུང་གཏོང་སོགས་ཐད་ཀྱི་ཕན་ཡོད་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱེད་ཀྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས། བུད་མེད་ཁྱབ་ཁོངས་ཀྱི་རིག་གནས་ལས་འདས་པའི་གླེང་མོལ་དང་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། བུད་མེད་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་གཏིང་ཟབ་ཞུགས་པ་དང་བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། བུད་མེད་ཡོངས་དང་མི་ཚང་མར་བདེ་སྐྱིད་སྐྲུན་པའི་འཛམ་གླིང་ཞིག་ཐུན་མོང་ཐོག་སྐྲུན་པར་རེ་བ་དང་དྲང་ནུས་སྣོན་གྱི་ཡོད་ཅེས་ནན་བཤད་བྱས་པ་རེད།
“གོ་ལ་ཧྲིལ་པོར་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་མཁོ་འདོན་བྱས་ཡོད”
“ཀྲུང་གོས་བུད་མེད་ཀྱི་བྱ་གཞག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལག་ལེན་ཁྲོད་མཉམ་འདྲེས་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞིང་། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་ལ་གོ་སྐབས་སྐྲུན་པ་དང་འགན་སྲུང་ཧུར་ཐག་བྱེད་ཀྱི་ཡིན”ཞེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་ཡོད།
“ཕོ་མོ་འདྲ་མཉམ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོར་མི་རྣམས་ཀྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་ཡོད། གྲུབ་འབྲས་དེ་དག་གིས་ང་ཚོར་འཕོ་འགྱུར་ནི་མངོན་འགྱུར་ཐུབ་པ་ཞིག་ཡིན་པས། ཉམས་མྱོང་དེ་དག་མུ་མཐུད་རྒྱུན་འཛིན་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་འཁྱགས་གླིང་གི་ཙུང་ཐུང་ཐུའོ་མ་སི་ཏུའོ་ཏིར་གྱིས་བརྗོད་པ་དང་། ཁོང་གིས“དེང་སྐབས་ངེས་མེད་རང་བཞིན་དང་གདོང་ཐུག་གིས་ཁེངས་ཤིང་གནམ་གཤིས་ཇེ་སྡུག་ཏུ་འགྲོ་བའི་འཛམ་གླིང་འདིར། ཕོ་མོ་འདྲ་མཉམ་ནི་རྒྱས་སྤྲོས་ཙམ་མིན་པར་དེ་ནི་ཞི་བདེའི་རྨང་རྡོ་དང་གསར་གཏོད་ཀྱི་སྒུལ་ཤུགས་ཡིན་ལ། གནས་འཕྲོད་འཛམ་གླིང་སྐྲུན་པའི་གནད་འགག་ཅིག་དེ་བས་ཀྱང་ཡིན”ཞེས་བརྗོད།
ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་བཅའ་ཁྲིམས་དང་། རིག་གནས། མ་འཇོག་བཅས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧན་ཧྲན་མེ་ཡིས། ཀྲུང་གོའི་ཉམས་མྱོང་ལས་ང་ཚོར་ར་སྤྲོད་བྱས་དོན། བུད་མེད་ལ་མཐུན་རྐྱེན་སྦྱོར་བ་ནི་ཁྱིམ་ཚང་ལ་མཐུན་རྐྱེན་སྦྱོར་བ་ཞིག་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་མཐུན་རྐྱེན་སྦྱོར་བ་ཞིག་ཀྱང་ཡིན། ཀྲུང་གོས་སློབ་གསོ་དང་། སྨན་བཅོས། གྲངས་འཛིན་དཔལ་འབྱོར། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་ཀྱི་ལག་ལེན་བརྒྱུད། འཛམ་གླིང་ལ་བུད་མེད་ཇི་ལྟར་བྱས་ཏེ་འཕོ་འགྱུར་ཁྲོད་སྐུལ་འདེད་པར་འགྱུར་བ་གསལ་སྟོན་བྱས་ཡོད། དེ་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོའི་ངོས་ནས་བརྗོད་ན་བློ་འབྱེད་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་བརྗོད།
“ཀྲུང་གོས་གོ་ལ་ཧྲིལ་པོར་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་མཁོ་འདོན་བྱས་ཡོད”ཅེས་ཧ་སག་སི་ཐན་གྱི་ཕྱི་འབྲེལ་པུའི་བློ་འདྲི་བ་ཀྲ་ནཱ·ཅ་ཅི་ཙུའུ་ལི་ནཱ་ཡིས་ངོས་འཛིན་བྱེད་པ་དང་། ཁོང་གིས། ཧ་ཀྲུང་རྒྱལ་ཁབ་གཉིས་པོས་བུད་མེད་འཕེལ་རྒྱས་ཐད་མཉམ་ལས་སྣ་ཚོགས་བྱས་ཡོད་པས་སླད་ཕྱིན་འབྲེལ་ཡོད་མཉམ་ལས་སྔར་བས་དོན་འཁྱོལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།