དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཧོང་ཅི་ཧུའེ་ཡིས་བརྗོད་དོན།

    བོད་ལྗོངས་སྤྱི་པའི་སློབ་གྲྭར་ལས་ཀ་བྱེད་རིང་གི་སྤྱིར་བཏང་མིན་པའི་ལོ་ཟླ་བརྗེད་པར་དཀའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-16

    བོད་དུ་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཞེས་འབོད་མ་ཐག་མི་རྣམས་ཀྱིས་རང་དབང་མེད་པར་བགྲེས་སོང་དེ་དག་ལ་གུས་བཀུར་ཞུ་ཡི་ཡོད་ཅིང་། ཁྲུང་ཆིང་གྲོང་ཁྱེར་ཤིའུ་ཧྲན་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་ཧྲི་དབྱི་གྲོང་རྡལ་ཆིང་ལུང་གྲོང་ཚོའི་བགྲེས་སོང་ཧོང་ཅི་ཧུའེ་ནི་དེའི་ཁྲོད་ནས་གཅིག་རེད།

    “དེ་རིང་ནི་དམིགས་བསལ་གྱི་ཉིན་མོ་ཞིག་རེད། ང་ཚོས་མཉམ་དུ་འཐབ་འཛིང་པ་རྒན་གྲས་ཁོང་ལ་འཁྲུངས་སྐར་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན”ཞེས་2024ལོའི་ཟླ་9ཚེས་1ཉིན་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གི་ནད་ཁང་དུ་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཧོང་ཅི་ཧུའེ་ཡིས་དགུང་ལོ་97ལ་སླེབས་པའི་འཁྲུངས་སྐར་བཏང་ཡོད། སྨན་དོན་པས་རྒན་རྒོན་དང་མཉམ་དུ“བོད་སྐྱོད་པ་རྒན་གྲས”ཚོས་དགའ་ཤོས་བྱེད་པའི་གླུ་གཞས《ཤར་ཕྱོགས་དམར》ཞེས་པ་དེ་བཏང་བ་རེད།

    “1950ལོར་ང་རང་དམག་དཔུང་དང་མཉམ་དུ་བོད་ལ་ཡོང་བ་ཡིན། 1952ལོར་ཚང་མ་བོད་ས་གནས་ཀྱི་ལས་བྱེད་པའི་སློབ་གྲྭར(བོད་ལྗོངས་སློབ་ཆེན་མ་བཙུགས་གོང་གི་སློབ་གྲྭ)ལས་སྒྱུར་བྱས་པ་དེ་ནས་བཟུང་བོད་ཀྱི་ལས་བྱེད་པའི་སློབ་གསོ་དང་ལས་འབྲེལ་དམ་ཟབ་བྱུང” 《ཤར་ཕྱོགས་དམར》ཞེས་པའི་གླུ་སྒྲ་གྲགས་པ་དང་བསྟུན་ནས་བགྲེས་སོང་ཧོང་ཅི་ཧུའེ་ཡི་རིག་པ་སྔར་བས་གསལ་ཏུ་ཕྱིན་ཏེ་རྩ་ཆེའི་འདས་དོན་དེ་དག་དལ་གྱིས་གླེང་འགོ་ཚུགས།

    སྐབས་དེ་དུས་ཀྱི་གསར་བརྗེའི་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པའི་མི་རིགས་ཀྱི་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱ་ཆེད། 1957ལོར་བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་ལྗོངས་ཕྱིར་བོད་ལྗོངས་ཀྱི་མི་རིགས་སློབ་གྲྭ་སྟེ། བོད་ལྗོངས་སྤྱི་པའི་སློབ་གྲྭ་འཛུགས་རྒྱུའི་གཏན་འབེབས་དངོས་སུ་བྱས།

    ཧོང་ཅི་ཧུའེ་བོད་ལྗོངས་སྤྱི་པའི་སློབ་གྲྭའི་གྲ་སྒྲིག་ཚོགས་ཆུང་གི་ལས་དོན་མི་སྣ་དང་མཉམ་དུ་ཧྲའན་ཤིས་སུ་ཡོང་སྟེ། བོད་ཀྱི་མཐོ་སློབ་དང་པོ་དེ་འཛུགས་རྒྱུའི་གྲྭ་སྒྲིག་བྱེད་འགོ་ཚུགས་པ་དང་བགྲེས་སོང་ཁོང་གིས་སྐབས་དེ་དུས་སློབ་གྲྭའི་གནས་ཡུལ་འདེམས་པའི་དཀའ་ངལ་དག་སྔར་བཞིན་ཡིད་ལ་ཝ་ལེར་དྲན་བཞིན་ཡོད། ཁོང་གིས། ཕྱིས་སུ་ལན་ཀྲོའུ་དང་། པའོ་ཅི། ཤིས་ཨན། སི་ཁྲོན་སོགས་ས་ཡུལ་དངོས་སུ་བསྐྱོད་ནས་བརྟག་དཔྱད་བྱས་རྗེས། སློབ་གྲྭའི་ཉལ་ཁང་གི་གནད་དོན་དང་། འགྲིམ་འགྲུམ་གྱི་གནད་དོན། གནམ་གཤིས་ཀྱི་གནད་དོན་སོགས་ཀྱིས་རྐྱེན་པས་བྱ་དཀའ་བྱེད་གཏད་དུ་གྱུར་ཡང་མཐར་ཞན་དབྱང་གི་དེ་སྔའི་ནུབ་བྱང་བཟོ་ལས་སློབ་ཆེན་དེ་ཉིད་སློབ་གྲྭ་གསར་པའི་གནས་ཡུལ་དུ་གཏན་འཁེལ་བྱུང་བ་དང་། དེ་རྗེས་ས་གནས་ཁག་ཏུ་ཁ་ཐོར་བའི་དགེ་སློབ་རྣམས་ཀྱང་གཅིག་མཇུག་གཉིས་མཐུད་ངང་ཞན་དབྱང་གི་སློབ་གྲྭའི་གནས་ཡུལ་གསར་པར་འཛོམས་པས། སྡོད་ས་གཏན་འཇགས་མེད་པ་དང་ཁ་ཐོར་སློབ་གཉེར་བྱེད་པའི་གནས་བབ་མཇུག་འགྲིལ་ཡོད་ཅེས་བརྗོད།

    “ང་ཚོས་བོད་ཀྱི་མི་དམངས་དང་མཉམ་དུ་ཡུན་རིང་འཚོ་བ་སྐྱེལ་བ་དང་འབད་འཐབ་བྱས་ཤིང་། ཁོང་ཚོ་ནི་ང་ཚོའི་གཉེན་ཉེ་ཡིན” ཧོང་ཅི་ཧུའེ་དང་ལས་རོགས་ཚོ་ནི་དགེ་རྒན་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་ཞིག་དེ་བས་ཀྱང་ཡིན། ལྷག་པར་དུ། ཧོང་ཅི་ཧུའེ་ཡིས་རྒྱབ་ཕྱོགས་མཁོ་སྒྲུབ་ལས་གནས་ཐོག་འཕྲོ་བརླག་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་དོན་ལག་ལེན་བསྟར་བ་མ་ཟད། ད་དུང་མི་རིགས་ཁག་གི་ལས་བྱེད་པའི་བཟའ་བཏུང་གི་གོམས་གཤིས་ལ་ལྟ་རྟོག་གང་ཐུབ་བྱས་ཏེ། དབྱི་སི་ལམ་གྱི་ཟ་ཁང་བཙུགས་པ་དང་། བོད་དུ་མར་དང་ཚགས་ཤ་སོགས་ཉོ་བར་བསྐྱོད་ཡོད།

    “1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པས་སློབ་གླིང་ཡོངས་ཀྱི་དགེ་སློབ་ཚོས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་རེད། ང་ཚོས་སློབ་ཁྲིད་སྒྱུར་བཅོས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ལོ་གཉིས་པའི་ལོ་འགོར《1966ལོ་ནས་1970ལོའི་བར་གྱི་འཕེལ་རྒྱས་འཆར་འགོད》བཏོན་པ་ཡིན”ཞེས་ཧོང་ཅི་ཧུའེ་ཡིས་ཕྱིར་དྲན་བྱེད་བཞིན་བརྗོད།

    ལོ་དེར། བོད་ལྗོངས་སྤྱི་པའི་སློབ་གྲྭ་དེ་ཉིད་བོད་ལྗོངས་མི་རིགས་སློབ་གླིང་ཞེས་པར་དངོས་སུ་མིང་བསྒྱུར་ནས། ལས་བྱེད་པ་གསོ་སྦྱོང་ཁོ་ནར་དམིགས་པའི་སློབ་གྲྭ་ནས་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་མཐོ་རིམ་སློབ་གླིང་ལ་བསྒྱུར་ཏེ། བོད་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི“འབྱུང་ཁུངས”སུ་གྱུར་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། བོད་ལྗོངས་མི་རིགས་སློབ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བྱུང་ནས་སློབ་གཉེར་གྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་བ་དང་། འབྲེལ་ཡོད་ཆེད་ལས་དང་རིག་ཚན་གསར་དུ་བསྣན་ཡོད། 2003ལོར། བོད་ལྗོངས་མི་རིགས་སློབ་གླིང་དེ་ཉིད་རབ་འབྱམས་པའི་སློབ་གནས་སྤྲོད་མཁན་ཚན་པར་གྱུར་པ་དེ་ཐོག་ནས་སློབ་གྲྭའི་སློབ་ཁྲིད་དང་ཚན་ཞིབ་ཆུ་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། 2015ལོར། སློབ་གསོ་པུའི་ཆོག་མཆན་ཐོབ་པ་བརྒྱུད་བོད་ལྗོངས་མི་རིགས་སློབ་གླིང་དེ་ཉིད“བོད་ལྗོངས་མི་རིགས་སློབ་ཆེན”ལ་དངོས་སུ་མིང་བསྒྱུར་ནས་སློབ་གྲྭའི་སློབ་གཉེར་གྱི་ངེས་གནས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་ཁ་གསལ་བཟོས་ཡོད།

    ཧོང་ཅི་ཧུའེ་ཡི་ཁྱིམ་དུ་སྐྱོད་སྐབས། བགྲེས་སོང་ཁོང་གི་ཉལ་ཁང་གི་སྒོ་ཡོལ་གྱི་ངོས་སུ“མའོ་ཀྲུའུ་ཞིའི་འཐབ་འཛིང་པ་ནི་ཏང་གི་བཀའ་ལ་ཉན་ཤོས་ཡིན”ཞེས་པའི་ཡི་གེ་བཀོད་འདུག ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ་ནི་བགྲེས་སོང་ཁོང་གིས་མི་ཚེ་གང་པོར་དོན་འཁྱོལ་གནང་བའི་དམ་བཅའ་བརྟན་པོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།