དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་གསོ་ཚགས་ར་བར“གྲངས་རིག་ཅན་གྱི་ཕག་རྫི”ཞིག་མང་དུ་ཕྱིན་པ།

    —— ཀོང་པོ་རྒྱ་མདའ་རྫོང་གིས་ཚན་རྩལ་ལ་བརྟེན་ནས་བོད་ཕག་གསོ་ཚགས་ཀྱི་དཀའ་གནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-16

    འདི་ནི་ལག་རྩལ་པས་རིག་ནུས་གསོ་ཚགས་ཀྱི་ལྟ་སྐུལ་ཚོད་འཛིན་ལས་སྟེགས་བརྒྱུད་རྒྱང་རིང་ནས་ཕག་གསོ་ར་བའི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་བྱེད་བཞིན་པ།

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་ལིའུ་ཟེ་ནང་གྲོང་ཚོའི་བོད་ཕག་སྐྱེ་འཕེལ་རྟེན་གཞིར། གྲངས་རིག་ཅན་གྱི་ཕག་རྫི་ཞིག་ཡོད་པ་རེད། རིག་ལྡན་གསོ་ཚགས་མ་ལག་གི་བརྙན་ཤེལ་ཆེན་པོའི་ཐོག་དྲོད་འཇལ་འཁྱོག་ཐིག་འགུལ་སྐྱོད་བརྟན་པོ་བྱེད་བཞིན་ཡོད་པ་དང་དམར་ཕྱིའི་ཚོར་ཆས་ཐོག་ནས་བོད་ཕག་གི་ལྟོ་ཆས་ཟ་ཚུལ་དུས་ཐོག་ཏུ་མངོན་གྱི་ཡོད། མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་སྲུང་སྐྱོང་ར་བའི་ནང་གཞི་རྒྱུའི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་ནས་འོད་ཕྲན་བུ་ཞིག་འཕྲོ་བཞིན་ཡོད་པ་དེ་ནི་བོད་ཕག་ཚང་མར་ཆེད་མངགས་རྒྱུད་འཛིན་ཡིག་ཚགས་བཟོ་བཞིན་ཡོད་པ་དེ་རེད། རྒྱང་རིང་གི་ལྡིར་སོ་སྤྲོས་ཆས་ཀྱི་ཁང་པའི་ནང་བོད་ལྗོངས་ཞིང་ས་གཤིན་པོའི་བོད་ཕག་ཁེ་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འགན་འཁུར་བ་ཁྲེ་ཞའོ་ཧོན་གྱིས་གློག་ཀླད་ཀྱི་བྱི་རྟགས་མནན་ཙམ་བྱས་པས་རྫོང་དེ་ཡོངས་ཀྱི་བོད་ཕག་གི་གྲངས་འབོར་དང་། བདེ་ཐང་གི་གནས་ཚུལ། གསོ་ཚགས་ཀྱི་འཕེལ་རིམ་བཅས་གསལ་པོར་མཐོང་ཐུབ།

    2020ལོའི་ཟླ་10པར་བཙུགས་ཚུན། བོད་ལྗོངས་ཞིང་ས་གཤིན་པོའི་བོད་ཕག་ཁེ་ལས་ཚད་ཡོད་ཀུང་སིས་རིག་ནུས་ལས་སྟེགས་ལྟེ་བར་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་བོད་ཕག་གསོ་ཚགས་ཀྱི་ལས་མི་ཉུང་ལ་ཕག་པ་མང་བའི་དཀའ་གནད་བསལ་ཡོད། ལས་དོན་པ་ཁ་ཤས་ཀྱིས་ད་ཡོད་བོད་ཕག་ཁྲི་1ལྷག་ཙམ་ལ་གཡོག་བྱེད་ནུས་ལྡན་ཐུབ་པ་དང་ལོར་རྒྱུད་བཟང་བོད་ཕག་5000ལྷག་ཙམ་གསོ་ཚགས་ཐུབ་ནས་སྲོལ་རྒྱུན་གྱི་བོད་ཕག་གསོ་ཚགས་ཐོན་ལས་ལ་དེང་རབས་ཅན་གྱི“གྲངས་རིག་ཅན་གྱི་ཕག་རྫི”ཡོད་པ་རེད།

    རིག་ནུས་ལས་སྟེགས་དེས“ཕག་རྫི”བྱས་པས་མི་ཤུགས་ཀྱི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལིའུ་ཟེ་ནང་གྲོང་ཚོའི་བོད་ཕག་གསོ་ཚགས་རྟེན་གཞིར་སྐྱོད་སྐབས་ཕག་ཚང་ནང་སྲོལ་རྒྱུན་གསོ་ཚགས་ཀྱི་ཟང་ཟིང་རྣམ་པ་མཐོང་རྒྱུ་མེད་པ་དང་། དྲོད་ཚད་སྙོམས་ལ་རླུང་འགྲོའི་མ་ལག་འཁོར་རྒྱུག་བྱེད་བཞིན་ཡོད་པ་དང་མཁའ་རླུང་ནང་དྲི་ངན་མེད། ཁང་སྟེང་གི་དམར་ཕྱིའི་པར་མིག་དེས་ཆུ་ཚོད་24ཡི་ནང་བོད་ཕག་ཚང་མར་རྗེས་སྙེག་བྱེད་ཀྱི་ཡོད། ས་ངོས་ཀྱི་ཟོག་འབྲེལ་དྲ་རྒྱའི་ཚོར་ཆས་དེས་སྐར་ཆ་3རེར་ཁོར་ཡུག་གི་གྲངས་གཞི་གསར་སྒྱུར་རེ་བྱེད་ཀྱི་ཡོད། གལ་སྲིད་བཞའ་ཚན་ཆེ་བའམ་ཡང་ན་ཨན་རླུང་གི་གར་ཚད་མཐོ་རུ་ཕྱིན་ཚེ་རང་འགུལ་ངང་རླུང་འགྲོ་དང་ཆུ་གཏོར་མ་ལག་འཕྲལ་མར་སྤྱོད་འགོ་ཚུགས་ཀྱི་ཡོད།

    “དེ་སྔ་མི་5ཡིས་ཕག་པ་2000ལ་གཡོག་བྱེད་པར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དང་ད་ཆ་མི་3གྱིས་ཕག་པ་3000ལ་གཡོག་བྱེད་ཀྱི་ཡོད”ཅེས་ཁྲེ་ཞའོ་ཧོན་གྱིས་བརྙན་ཤེལ་ལ་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱས། ཁོང་གིས། རིག་ནུས་གསོ་ཚགས་མ་ལག་དེ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་པ་ནས་སྙོམས་སྒྲིག་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། རྒྱང་རིང་ནས་ལྡིར་སོ་སྤྲས་པ་བརྒྱུད་ལས་དོན་པས་བོད་ཕག་གིས་ལྟོ་ཆས་བཟའ་བ་དང་ངལ་གསོ་བའི་གནས་ཚུལ་དུས་ཐོག་ཏུ་ལྟ་ཞིབ་ཐུབ་པ། གཞི་གྲངས་ཆེ་མོའི་ལས་སྟེགས་ཀྱིས་ཕག་པ་ཚང་མའི་སྐྱེ་འཚར་དུས་མཚམས་གཞིར་བཟུང་རང་འགུལ་ངང་གཟན་ཆག་མང་ཉུང་གཏན་འཁེལ་བྱེད་ཀྱི་ཡོད་པས་གཟན་ཆག་འཕྲོ་བརླག་མི་འགྲོ་བ་དང་དུས་མཚུངས་བཤས་གཏོང་བའི་དུས་འཁོར་ཉིན་7ཐུང་དུ་འགྲོ་གི་ཡོད་ཅེས་བརྗོད།

    འཁོར་འབྲེལ་ཧྲིལ་པོའི་ཚན་རྩལ་མཉམ་འགུལ་གྱིས་བོད་ཕག་ཁྲོམ་ར་རྩེ་གྲར་འདོན་རྒྱུར་སྐུལ་འདེད་གཏོང་གི་ཡོད། བྲག་ཆུ་གྲོང་རྡལ་གྱི“ཞིང་ས་གཤིན་པོའི་བོད་ཕག་གསོ་ཚགས་ཁང”དུ་གསོ་ཚགས་ཀྱི་ཚན་རྩལ་ལེགས་ཆ་ལས་སྣོན་ལྷུ་ཚིགས་སུ་སྣུར་སྲིང་བྱས་ཡོད། རིག་ནུས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་ཐོག་བོད་ཕག་གི་ཤ་དབྱེ་བ་ཞིབ་ཚགས་ཕྱེ་བ་དང་ཐུམ་སྒྲིལ་བརྒྱབ་རྗེས། རིག་ནུས་མཁོ་སྤྲོད་འཁོར་འབྲེལ་མ་ལག་ལ་བརྟེན་ནས་པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་དུ་བསྐུར་གྱི་ཡོད། “ཕག་ཚང་ནས་གསོལ་ལྕོག་བར་གྱི་ལྷུ་ཚིགས་ཚང་མར་གཞི་གྲངས་གི་ཟིན་ཐོ་ཡོད”ཅེས་ལས་དོན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཁུངས་འདེད་མ་ལག་ཁ་ཕྱེ་བས་གསོ་ཚགས་ཀྱི་ཁག་ཐེངས་དང་། ནད་ཡམས་བརྟག་ཞིབ་ཆ་འཕྲིན། ལས་སྣོན་དུས་ཚོད་བཅས་གསལ་པོར་མཐོང་གི་འདུག “ས་ཁམས་མཚོན་རྟགས་དང་བློ་རིག་གི་ཁུངས་འདེད་ལ་བརྟེན་ནས་ང་ཚོའི་བོད་ཕག་གི་རིན་གོང་སྤྱི་རྒྱ་རེར་སྒོར་120ཟིན་ནས་ཕག་ཤ་དཀྱུས་མའི་ཟུར་སྣོན་རིན་ཐང་ལས་ལྡབ་3གྱིས་མཐོ་བ་ཡོད”ཅེས་བཤད།

    ད་ཆ། ཉིང་ཁྲིར་བོད་ཕག་གསོ་ཚགས་ར་བ་སྔར་ལས་མང་བར“བློ་རིག་མ་ལག”བསྒར་བཞིན་ཡོད། རྒྱུད་བཟང་འགན་ལེན་དང་གསོ་ཚགས་ནས་ལས་སྣོན་བར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིམ་སྤོར་བྱས་ཏེ། “ས་མཐོའི་བོད་ཕག”གྲོང་གསེབ་དར་རྒྱས་ཀྱི“གྲངས་རིག་གསང་ཨང”དུ་གྱུར་ཡོད་ལ། བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལའང་གསོན་ཤུགས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།