དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་DIPགཏོང་སྤྲོད་སྒྱུར་བཅོས་དེ་སྲིད་ཇུས་ཡོངས་སུ་ཁྱབ་པ་ནས་སྤུས་ཚད་མཐོ་བའི་འཁོར་སྐྱོད་ཀྱི་དུས་མཚམས་གསར་པར་སྐྱོད་པ།

    མང་ཚོགས་ལ་དེ་བས་སྤུས་ལེགས་དང་གྲོན་ཆུང་གི་སྨན་བཅོས་འགན་ལེན་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-16

    ལྷོ་ཁ་གྲོང་ཁྱེར་དམངས་བདེའི་སྨན་ཁང་གི་རྩིས་རྒྱག་སྐར་ཁུང་དུ། སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་མ་ཐག་པའི་བཀྲ་ཤིས་ཆོས་འཕེལ་གྱིས་སྨན་རིན་རྩིས་ཞུའི་སྤ་སེ་འཁྱེར་བཞིན་དུ“དེ་སྔ་ནད་སྡོད་སྨན་བཅོས་བྱེད་པར་རང་ཉིད་ཀྱིས་སྒོར་བརྒྱ་ཕྲག་གཏོང་དགོས་ཀྱི་ཡོད། ད་ཆ་སྒོར་ཉིས་བརྒྱ་ཙམ་ལས་སྤྲོད་དགོས་ཀྱི་མིན་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད། འགྱུར་ལྡོག་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་2023ལོའི་ཟླ་3པར་འགོ་བཙུགས་པའི་DIP(ནད་རིགས་སྐར་ཐང་ལ་གཞིགས་ནས་སྨན་རིན་སྤྲོད་པ)གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱས་པ་ལས་བྱུང་བ་ཞིག་རེད། DIPགཏོང་སྤྲོད་བྱས་པ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རྨང་གཞི་ཞན་པ་དང་ཆེད་ལས་ཤེས་ལྡན་པ་དཀོན་པ་སོགས་ཀྱི་དཀའ་གནད་བསལ་ཏེ། 2024ལོའི་ཟླ་10པར་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁག་20(སྨན་རྩིས་ཁང་ཕུད)ལ་DIPཡིས་གྲོན་དངུལ་དངོས་སུ་སྤྲོད་རྒྱུ་ཚང་མར་ཁྱབ་པ་དང་། རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་ཐབས་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་ནས། “སྨན་རིན་ཚོད་འཛིན་དང་། སྤུས་ཚད་མཐོ་རུ་གཏོང་བ། དམངས་ཕན”བཅས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གངས་ལྗོངས་ས་མཐོའི་སྨན་བཅོས་འགན་བཅོལ་སྒྱུར་བཅོས་ལ་གསོན་ཉམས་དོད་པའི་གསལ་འགྲེལ་བྱས་ཡོད།

    སྒྱུར་བཅོས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    སྒྱུར་བཅོས་ཀྱི་ཐོག་མའི་དུས་སྐབས་སུ་ལྷོ་ཁ་གྲོང་ཁྱེར་གྱིས་DIPགཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་དེ་འགན་འཁྲི་དང་པོའི་འདུ་འགོད་ལ་བརྩིས་ནས་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་སྲིད་གཞུང་གི་ཁག་བགོས་དོ་དམ་གྱི་ཧྲི་ཀྲང་གཞོན་པས་སྣེ་ཁྲིད་དེ་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྨན་བཅོས་འགན་བཅོལ་དང་། ནོར་སྲིད། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ《ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁོངས་ཀྱི་རྩིས་གྲངས་བསྡོམས་འབོར་སྔོན་རྩིས་དང་ནད་རིགས་ཀྱི་སྐར་ཐང་ལ་གཞིགས་ནས་སྨན་རིན་སྤྲོད་པའི(DIP)ལས་ཀའི་ཇུས་གཞི》སོགས་སྲིད་ཇུས་ཀྱི་ཡིག་ཆ་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་བསྡོམས་འབོར་སྔོན་རྩིས་དང་ནད་རིགས་དབྱེ་བ་སོགས་འགག་རྩའི་ལྷུ་ཚིགས་ཀྱི་བླང་བྱ་ཞིབ་ཚགས་སུ་བཏང་བ་རེད། ལས་རིམ་གསལ་འགོད་དང་ལས་ཡུན་ལྡོག་སྒྲིག་བྱས་པ་བརྒྱུད་ཆེད་དོན་ཚོགས་འདུ་ཐེངས་20ལྷག་ཙམ་འཚོགས་ནས་སྒྱུར་བཅོས་ཀྱི་དཀའ་གནད་བསལ་ཏེ་སྒྱུར་བཅོས་ལ་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    གྲངས་གཞིའི་སྤུས་ཚད་ནི་DIPསྒྱུར་བཅོས་ཀྱི“སྲོག་རྩ”ཡིན། སྨན་བཅོས་སྒྲིག་གཞི་ཁག་གཅིག་གི་ཆ་འཕྲིན་ཅན་གྱི་ཆུ་ཚད་དམའ་བ་དང་ནད་ཐོ་འབྲི་སྟངས་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལྷོ་ཁ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཆེད་ལས་ཚོགས་པ་བཙུགས་ཏེ་ཚོད་ལྟ་བྱས་རྗེས་ཀྱི་ཟླ་བ་གཉིས་ནང་གྲོང་ཁྱེར་ཡོངས་ཀྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་31ལ“གཅིག་གཏད་གཅིག”གི་མཛུབ་ཁྲིད་བྱས་ཡོད། རྫོང་མི་དམངས་སྨན་ཁང་ཞིག་ཏུ་དེ་སྔ་ནད་ཐོའི་ཤོག་ངོས་དང་པོར་ཡིག་ནོར་མང་བས་གྲངས་གཞི་བདེ་བླག་ངང་བསྐུར་ཐུབ་ཀྱི་མེད། ལས་དོན་ཚོགས་ཆུང་བཅའ་སྡོད་བྱས་ནས་གཟའ་འཁོར་གཅིག་ནང་ནད་རིགས་རིགས་དབྱེ་ཨང་སྒྲིག་ནས་མ་ལག་མཐུད་ཁ་སྙོམ་སྒྲིག་ཚོད་ལྟ་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་རོགས་སྐྱོར་བྱས་མཐར་སྨན་ཁང་དེའི་གྲངས་གཞི་ཚད་ལྡན་ཡོང་ཚད་60%ནས་98%བར་མཐོ་རུ་ཕྱིན་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། གྲོང་ཁྱེར་ཡོངས་ཀྱིས་ལོ་རྒྱུས་ཀྱི་ནད་ཐོ་གྲངས་གཞི་ཁྲི་7.76འཚོལ་བསྡུ་བྱས་ཤིང་། ནད་རིགས་1788ཚུད་པའི་རང་ས་ཅན་གྱི་DIPཡི་2.0དཀར་ཆག་མཛོད་བཙུགས་པའི་ནང་། ས་གནས་ཀྱི་ལྟེ་བའི་ནད་རིགས་466ཡོད་པ་དག་ས་མཐོའི་ས་ཁུལ་ཀྱི་ནད་གཞིའི་ཁྱད་ཆོས་དང་གང་ལེགས་འཚམ་པར་བྱས་ནས་ལྗོངས་ཡོངས་ཀྱི་ནད་རིགས་དཀར་ཆག་མཛོད་འཐུས་སྒོ་ཚང་དུ་གཏོང་ཆེད“ལྷོ་ཁའི་བློ་གྲོས”ལེགས་སྐྱེས་སུ་ཕུལ་ཡོད།

    དོ་དམ་གྱི་ཚད་ཤིང་བཟོས་པ།

    སྒྱུར་བཅོས་ཀྱི་འཕེལ་རིམ་ཁྲོད་ལྷོ་ཁ་གྲོང་ཁྱེར་གྱིས་ལག་རྩལ་གསར་གཏོད་དམ་འཛིན་བྱ་གཞིར་བྱས་ནས་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་སྟངས་གསར་པ་བཏོད་ཡོད། 2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་DIPབརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་ཅན་གྱི་གཙང་རྩིས་མངོན་འགྱུར་བྱུང་སྟེ། གྲངས་གཞི་དྲ་ཐོག་ཏུ་བསྐུར་བ་དང་། ནད་རིགས་དབྱེ་བ་ནས་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱེད་པའི་བར་གྱི་འཁོར་འབྲེལ་ཧྲིལ་པོ་དྲ་ཐོག་ནས་ཐད་ཀར་གཉེར་ཐུབ་ཀྱི་ཡོད། ལྷོ་ཁ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཚེ་རིང་ལྷ་མོས“དེ་སྔ་ལག་པས་གཙང་རྩིས་རྒྱག་དགོས་པས་མི་20ལྷག་ཙམ་གྱིས་ཟླ་ཕྱེད་ཙམ་ལས་དུས་འཕར་མ་བྱེད་དགོས་ཀྱི་ཡོད། ད་ལྟ་མ་ལག་ནས་རང་འགུལ་ངང་ཞིབ་རྩིས་རྒྱག་གི་ཡོད་པས་ཉིན་གསུམ་གྱི་ནང་ལེགས་གྲུབ་ཡོང་གི་འདུག”ཅེས་བཤད།

    ཚན་རིག་དང་མཐུན་པའི་སྔོན་རྩིས་ཚོད་རྩིས་ཀྱིས་ཐེབས་རྩའི་བདེ་འཇགས་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ལོ་རྒྱུས་ཀྱི་ཐེབས་རྩ་གཏོང་སྒོའི་གྲངས་གཞིར་དཔྱད་གཞི་བྱས་པ་མ་ཟད། ད་དུང་མི་འབོར་ན་རྒས་ཅན་དང་སྨན་བཅོས་ལག་རྩལ་གྱི་རིན་གོང་ལེགས་སྒྲིག་སོགས་ཀྱི་རྒྱུ་རྐྱེན་ཚོད་རྩིས་ནང་བཅུག་ཡོད། 2024ལོ་དཔེར་བཞག་ན། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་ལས་བྱུང་བའི་འགན་བཅོལ་ནང་ཞུགས་པའི་གྲུབ་ཆ་འགྱུར་ལྡོག་ལ་བསམ་གཞིག་བྱས་ཏེ། གྲོང་ཁྱེར་དེས་སྔོན་རྩིས་བགོ་བཤའི་ཇུས་གཞི་སྐབས་བསྟུན་ལེགས་སྒྲིག་བྱས་པས། ལས་བཟོའི་སྨན་བཅོས་འགན་བཅོལ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་ཐེབས་རྩ་ལྷག་མ་ཉར་སྤྱོད་ཀྱི་བསྡུར་ཚད་དེ་བས་ལུགས་མཐུན་བྱུང་ལ། ལོ་ཧྲིལ་པོར་ཐེབས་རྩའི་འཁོར་སྐྱོད་བརྟན་པོ་དང་ནད་སྡོད་སྨན་བཅོས་བྱེད་པའི་ཆ་སྙོམས་སྨན་རིན་ལོ་གོང་མ་ལས་7%ཡན་ཆག་ཡོད་པ་རེད།

    དམངས་འཚོ་ལས་དྲོ་སྐྱིད་མངོན་པ།

    སྒྱུར་བཅོས་ཀྱི་ཕན་འབྲས་དེ་མཐར་མང་ཚོགས་ཀྱི་ཐོབ་སྣང་ནས་མཚོན་གྱི་ཡོད། 2025ལོའི་གྲངས་གཞི་ལས་མངོན་པར། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་ནད་སྡོད་སྨན་བཅོས་བྱེད་པའི་མི་རེའི་ཐེངས་རེའི་ཆ་སྙོམས་མི་སྒེར་གྱིས་གཏོང་བའི་དངུལ་གྲངས་སྒོར་214.04བར་ཆག་པ་དང་། དུས་མཚུངས་ལས་35.15%ཆག་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་སྡོད་སྨན་བཅོས་བྱེད་པའི་མི་རེའི་ཐེངས་རེའི་མི་སྒེར་གྱིས་གཏོང་བའི་དངུལ་གྲངས་སྒོར་254.27ཟིན་པ་དེ་དུས་མཚུངས་ལས་19.74%ཆག་ཡོད། གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྒྱུར་བཅོས་མ་བྱས་གོང་ནད་པ་ནད་སྡོད་སྨན་བཅོས་ཉིན་7.91བྱེད་དགོས་པ་ནས་ད་ཆ་ཉིན་7.82བར་ཐུང་དུ་སོང་ནས་སྨན་བཅོས་ཀྱི་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་རེད། ནད་པའི་ནང་མི་ཚེ་རིང་སྒྲོལ་མས“ད་ལྟ་བརྟག་དཔྱད་དང་སྨན་སྤྱོད་སྟངས་ཚང་མར་ཚད་གཞི་གསལ་པོ་ཡོད་པས་བློ་བདེ་ལ་སྨན་རིན་གྲོན་ཆུང་ཡང་ཐུབ་ཀྱི་འདུག”ཅེས་བཤད།

    ད་ཆ་ལྷོ་ཁ་གྲོང་ཁྱེར་ཀྱི་DIPསྒྱུར་བཅོས་དེ་སྲིད་ཇུས་ལ་ཡོངས་སུ་ཁྱབ་པ་ནས་སྤུས་ཚད་མཐོ་བའི་འཁོར་སྐྱོད་ཀྱི་དུས་མཚམས་གསར་པའི་ཕྱོགས་སུ་སླེབས་ཡོད། ལྷོ་ཁ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་འགན་འཁུར་བས་གོམ་སྟབས་རྗེས་མར“སྨན་གསུམ”མཉམ་འགུལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གཏོང་སྤྲོད་སྲིད་ཇུས་རྒྱུན་མཐུད་ལེགས་སུ་བཏང་ནས་ཁྱབ་གདལ་གཏོང་ཆོག་པའི་ས་མཐོའི་སྨན་བཅོས་འགན་བཅོལ་སྒྱུར་བཅོས་ཀྱི་དཔར་མ་ཧུར་ཐག་བཏོད་ནས། མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྤུས་ལེགས་དང་གྲོན་ཆུང་གི་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།