རྡོ་རྗེའི་ཁྱིམ་གྱི་ལས་དབང་གི་འགྱུར་ལྡོག
“རྐང་རྗེན་མར་བྲོས་བྱོལ་དུ་སོང་བ”ནས“གནམ་གྲུར་བསྡད་དེ་ཕྲུ་གུ་སློབ་གྲྭར་སྐྱེལ་བའི”བར།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་གཏམ་ཤུལ་སྡེ་ཁུལ་དུ། བླ་མ་གཟིམ་ཁང་གི་རྗེས་ཤུལ་ས་སྲོས་ཁྲོད་དབེན་པོར་གནས། ལོ་65ལ་སླེབས་པའི་བགྲེས་སོང་རྡོ་རྗེས་རྗེས་ཤུལ་དེའི་མདུན་དུ་ཡུན་རིང་ལངས་ནས་དྲན་པའི་ཀློང་དུ་ཚུད།
བགྲེས་སོང་གིས་རྗེས་ཤུལ་གྱི་སྒོ་དམར་པོའི་མདུན་དུ་བསྡད་དེ་བྱེ་མ་སྦར་གང་བསྒྲུགས་ནས་ཕུར་ཕུར་བཏང་ཞིང་། “གནས་འདིས་ང་ཚོའི་ཁྱིམ་གྱི་དེ་སྔའི་དཀའ་སྡུག་དང་ད་ཆའི་བདེ་སྐྱིད་ལ་བདེན་དཔང་བྱས་ཡོད”ཅེས་བགྲེས་སོང་གིས་སེམས་འགུལ་ཆེན་པོས་བཤད། སེམས་འགུལ་དེ་འདྲ་བྱུང་དགོས་དོན་ནི་འདི་གར་རྡོ་རྗེའི་ཁྱིམ་གྱི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ལས་དབང་གི་འགྱུར་ལྡོག་འདུས་པས་རེད།
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་དགུན་དུས་ཀྱི་མཚན་མོ་ཞིག་ལ་གཏམ་ཤུལ་གྲོང་ཚོར་གྲང་ངར་ཧ་ཅང་ཆེ་བ་དང་། རྡོ་རྗེའི་ཕ་མ་དང་གཅེན་གཅུང་རྣམས་བ་ཚང་འགྲམ་དུ་ཡོད་པའི་ཁང་ཧྲུལ་ཆུང་ཆུང་ཞིག་གི་ནང་དུ་ནང་མི་8མཚན་མོ་འཚང་ཁ་བརྒྱབ་ནས་ཉལ་བཞིན་ཡོད། ཕུ་བོ་གཞོན་ཤོས་ལྟོགས་ནས་གཉིད་ཁུག་མ་ཐུབ་པར་ངུ་སྐད་རྒྱག་སྐབས་ཨ་མས་ཁུག་མའི་ནང་ལྷག་པའི་རྩམ་པ་ཁེམ་བུ་ཕྱེད་ཀ་དེ་ཁོའི་ཁ་ནང་དུ་སྟེར་ནས། སྐད་ཤུགས་ཆུང་ངུས“སྐད་མ་རྒྱག ཕྱག་མཛོད་ལག་ནང་གི་རྟ་ལྕག་ལ་ཞེད་ཀྱི་མི་འདུག་གམ”ཞེས་བཤད། གོས་ཧྲུལ་ཕོ་ཁེབས་སུ་བྱས་པ་དང་ལྷམ་སྔས་ལ་བརྒྱབ་ཞིང་། ཞིག་རལ་དུ་གྱུར་པའི་སྤྱིལ་བུའི་སྲུབས་ཁ་ནས་གྲང་རླུང་བར་མེད་དུ་ལྡང་།
ཨ་ཕ་དང་ཕུ་བོས་བཤད་མྱོང་བའི་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་དུ། བགྲེས་སོང་རྡོ་རྗེས་དབང་མེད་ངང་ཁུ་ཚུར་དམ་པོར་སྒོང་། བཀྲེས་ལྟོགས་དང་རྟ་ལྕག་ནི་ཁྱིམ་མིའི་སྔོན་ཆད་ཀྱི་དྲན་འཆར་རེད།
1959ལོའི་ཟླ་3པའི་སྐྱ་རེངས་ཤིག་ལ། བཅིངས་འགྲོལ་དམག་ཁ་བ་བུ་ཡུག་ལ་མ་འཛེམ་པར་གྲོང་ཚོར་སླེབས་སྐབས་རྡོ་རྗེའི་ཕུ་བོ་བསྟན་འཛིན་ཆོས་འཕེལ་གྱིས་རྐང་རྗེན་མར་སྤྱིལ་བུ་ནས་དོན་ཏེ་བཅིངས་འགྲོལ་དམག་མི་འཚོལ་བར་ཕྱིན་པ་མ་ཟད། བཅིངས་འགྲོལ་དམག་ལ་ལམ་སྣེ་ཁྲིད་ཅིང་། བཅིངས་འགྲོལ་དམག་གི་ས་ནས་ཁོང་ལ་གྲོད་པ་རྒྱགས་པའི་ལྟོ་ཐེངས་དང་པོ་དེ་ཟ་རྒྱུ་བྱུང་བ་རེད།
ལོ་དེའི་སྟོན་བསྡུའི་སྐབས་སུ། ཨ་ཕས་ནས་དང་སྲན་མ་བྱུར་པོར་བླུགས་པའི་སྒྱེ་མོ་སྤྱིལ་བུའི་ནང་དུ་དབོར་ཞིང་། དཀའ་སྡུག་ཚད་མེད་མྱངས་པའི་ཞིང་བྲན་ཁོང་གིས་སྒྱེ་མོར་ལྟ་བཞིན“འདི་ནི་བཅིངས་འགྲོལ་དམག་གིས་ང་ཚོར་སྤྲད་པའི་འབྲུ་རིགས་རེད། ང་ཚོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་ངེས་ཡིན”ཞེས་བཤད།
1964ལོར་རྡོ་རྗེའི་ནང་མི་ཚོས་རང་ཉིད་ལ་དབང་བའི་ཁང་པ་རྒྱག་འགོ་བརྩམས། ཨ་ཕས་གྱང་བརྩིགས་པ་དང་ཕུ་བོ་གཞོན་ཤོས་ཀྱིས་གདུང་མའི་སྟེང་འཛེགས་ཏེ་བཀྲ་ཤིས་མཚོན་བྱེད་ཀྱི་ཁ་བཏགས་དཀྲིས་ཤིང་། ཨ་མས་ཁང་པ་གསར་པའི་གྱང་ངོས་ལ་བྱིལ་བྱིལ་བྱེད་ཀྱིན“གཞི་ནས་རང་ཉིད་ལ་དབང་བའི་ཁང་པའི་ནང་སྡོད་རྒྱུ་བྱུང་སོང”ཞེས་མིག་ཆུ་དབང་མེད་དུ་ཤོར།
སྡོད་ཁང་ནི་དུས་རབས་ཀྱི་འཕོ་འགྱུར་ཐད་ཀར་མཐོང་ཐུབ་པའི་བསྡུས་རིས་ཤིག་རེད། 1964ལོར་ཕུ་བོ་བསྟན་འཛིན་ཆོས་འཕེལ་གྱིས་སྡོད་ཁང་ཀ་གཅིག་ལྕམ་གང་མ་ཞིག་བརྒྱབ་པ་དང་། 1988ལོར་ཁྱིམ་གྱི་ཟ་འབྲུ་ལྷག་མ་ཤིང་ཆ་དང་བརྗེས་ནས་གྲོང་ཚོ་ཡོངས་ཀྱི་ཐོག་སོ་ཉིས་ལྡན་གྱི་ཁང་པ་དང་པོ་དེ་བརྒྱབ། 2019ལོར་ནང་མི་ཚང་མ་གཏམ་ཤུལ་སྡེ་ཁུལ་གྱི་གསར་དུ་བརྒྱབ་པའི་དེང་རབས་ཅན་གྱི་བོད་བཟོའི་ཉི་འོད་དྲོད་ཁང་གསར་པར་སྤོས་པ་རེད།
2002ལོའི“བདུན་གཅིག”ཏང་འཛུགས་དྲན་གསོའི་ཉིན་མོར་ཕུ་བོས་ཚ་མོར་ཏང་ཡོན་གྱི་རྟགས་མ་བཏགས། ད་ཆ་ཏང་ཡོན་གྱི་རྟགས་མ་17རྡོ་རྗེའི་ཁྱིམ་རྒྱུད་ཀྱི་ཁོངས་མི་ཚོའི་བྲང་ཁར་བཏགས་ཡོད།
“སྔོན་མ་ཕུ་བོས་རྐང་རྗེན་མར་བྲོས་བྱོལ་དུ་སོང་བ་དང་ད་ཆ་ང་ཚོ་གནམ་གྲུར་བསྡད་ནས་ཕྲུ་གུ་སློབ་གྲྭར་སྐྱེལ་བར་འགྲོ་གི་ཡོད། ལོ་དེ་དག་རིང་ང་ཚོའི་ཁྱིམ་ལ་མཐོ་རིམ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ནས་ཐོན་པའི་སློབ་མ་18དང་གཞུང་ཞབས་པ་12ཡོད”ཅེས་རྡོ་རྗེས་ཁྱིམ་ཚང་གི་འགྱུར་ལྡོག་ཞིབ་པར་གླེང་།
ས་སྲོས་ཀྱི་དུས་སུ་རྡོ་རྗེས་རང་ཁྱིམ་གྱི་ཁང་པར་ལྟ་བཞིན་ཡོད་པ་དང་ཁྱིམ་གྱི་སྒོ་ཁའི་ཉི་ནུས་ལམ་སྒྲོན་ཁྲ་ཆིལ་ལེར་འཕྲོ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།