དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲིམས་འཛིན་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་དྲང་གཞག་ཁྲིམས་འཛིན་གྱི་འགན་འཁྲི་ཧུར་ཐག་འཁུར་གྱི་ཡིན།

    —— བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཁོངས་མི་དང་ཡོན་ཀྲང་གཞོན་པ་ཅང་ཀྲེན་མིང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-16

    “ཟླ་8པའི་ཚེས་20ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་མིར་མཇལ་འཕྲད་གནང་སྐབས། ང་རང་མཇལ་འཕྲད་གནང་ཡུལ་དུ་ཡོད། སྐབས་དེར་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་ང་ལ་མྱོང་ཚོར་ཟབ་མོ་བྱུང” བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཁོངས་མི་དང་ཡོན་ཀྲང་གཞོན་པ་ཅང་ཀྲེན་མིང་གིས་སྐབས་དེ་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་སེམས་ནང་ད་དུང་དགའ་ཚོར་ཆེན་པོས་ཁེངས་འདུག “ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཁྲིམས་འཛིན་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་དྲང་གཞག་ཁྲིམས་འཛིན་གྱི་འགན་འཁྲི་ཧུར་ཐག་ཁུར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པར་ཁྲིམས་འཛིན་གྱི་སྟོབས་ཤུགས་བརྟན་པོ་ལེགས་སྐྱེས་སུ་འབུལ་གྱི་ཡིན”

    དྲི་བ། ཁྲིམས་ལྟར་བོད་སྐྱོང་བ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པས། བོད་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ལས་དོན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བླང་བྱ་དང་དེ་བས་ལེགས་པར་འཚམ་པ་ཇི་ལྟར་བྱེད་དགོས་སམ།

    ལན། ད་ལོ་ནི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་བཙུགས་ནས་ལོ་ངོ་60འཁོར་བའི་ལོ་རེད། ལོ་ངོ་60ཡི་རིང་། བོད་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་བརྒྱུད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལ་དཔུང་ཁག་འཛུགས་སྐྱོང་དང་། སྒྲིག་གཞི་སྒྱུར་བཅོས། བློ་རིག་ཁྲིམས་ཁང་འཛུགས་སྐྱོང་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།

    ཞིབ་པར་བརྗོད་ན། གཅིག་ནས་དཔུང་ཁག་གི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་ཞིང་། ཐོག་མའི་ལས་བྱེད་ཉེན་རྟོག་པ་100ལྷག་ཙམ་ནས་3000ཙམ་བར་མང་དུ་ཕྱིན་པ་དང་། དེའི་ཐོག་གདན་ཞུའི་ལམ་ལུགས་ཀྱི་མི་སྣ་1200ལྷག་ཙམ་བསྣན་པས་དེ་བས་འཐུས་སྒོ་ཚང་བའི་ཤེས་ལྡན་པའི་མ་ལག་ཅིག་གྲུབ་པ་དང་། གཉིས་ནས་མི་སྣའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། སྲོལ་རྒྱུན་གྱི་ཁྲིམས་དཔོན་དང་། ཁྲིམས་རའི་དྲུང་ཡིག སྲིད་འཛིན་མི་སྣ་བཅས་ཁྲིམས་དཔོན་དང་། ཁྲིམས་དཔོན་གྱི་ལས་རོགས། ཁྲིམས་རའི་དྲུང་ཡིག ཁྲིམས་འཛིན་ཉེན་རྟོག་པ། ཁྲིམས་འཛིན་སྲིད་འཛིན་མི་སྣ་སོགས་སུ་རིམ་བཞིན་ཞིབ་ཚགས་སུ་བཏང་བས། འགན་འཁྲི་དེ་བས་ཁ་གསལ་དང་ཆེད་ལས་ལས་བགོས་དེ་བས་ཁ་གསལ་དུ་སོང་བ། གསུམ་ནས་སྒྲིག་གཞི་བཀོད་སྒྲིག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། སྒྱུར་བཅོས་ཐེངས་མང་བྱས་པ་བརྒྱུད་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་དག་ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་དང་མཐུན་པ་མ་ཟད། འདྲི་གཅོད་ལས་ཀའི་ཆོས་ཉིད་དང་བོད་ཀྱི་དོན་དངོས་དང་ཡང་མཐུན་པས་འཁོར་སྐྱོད་ལས་ཕྱོད་མུ་མཐུད་ཆེ་རུ་ཕྱིན་ཡོད། གཞན་ཡང་བློ་རིག་ཁྲིམས་ཁང་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། གཅིག་སྡུད་ཚོད་འཛིན་ལྟེ་གནས་དང་། ཚན་རྩལ་ཁྲིམས་ར། རྒྱང་རིང་བརྙན་ལམ་གྱི་ཞུ་ཉན། དྲ་ཐོག་གྱོད་དོན་ཐོ་འགོད་སོགས་དྲ་ཐོག་ལས་སྟེགས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད།

    བོད་ཀྱི་ཁྲིམས་ཁང་གིས་མི་སྣའི་སྟོབས་ཤུགས་དང་། ནང་ཁུལ་གྱི་དོ་དམ། འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་སོགས་ཕྱོགས་གང་ཅིའི་ཐད་མེད་པ་ནས་ཡོད་པ་དང་། ཉམས་ཞན་ནས་སྟོབས་ཆེན། སྲོལ་རྒྱུན་ནས་དེང་རབས་བཅས་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་བྱས་ཡོད་ཅེས་བརྗོད་ཆོག

    དྲི་བ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འདྲི་གཅོད་ལག་བསྟར་གྱི་གཙོ་ལས་ནང་དོན་འཁྱོལ་ཇི་ལྟར་བྱ་རྒྱུ་ཡིན་ནམ།

    ལན། མི་དམངས་ཁྲིམས་ཁང་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་བཅོས་སྐྱོང་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་ཡོང་བར་དང་ཐོག་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། “བོད་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་ཡོད་པས། དོན་དངོས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད། འདིས་ང་ཚོར་འགན་ནུས་ལག་བསྟར་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། འདྲི་གཅོད་ལག་བསྟར་གྱི་གཙོ་འགན་གཙོ་ལས་ལ་དམ་འཛིན་ནན་པོ་བྱས་ནས་ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དེའང་ཞིབ་པར་མཚོན་ན། གཅིག་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཟོ་བའི་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་རྒྱུ་དང་། གཉིས་ནས“རང་ཉིད་ཁྲིམས་ལ་ཐུག་པ་ལྟ་བུའི”འདུ་ཤེས་ལག་ལེན་བསྟར་ནས་མི་རིགས་ཁག་གི་མང་ཚོགས་དང་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་ངང་སྲུང་སྐྱོང་བྱས་ཐོག དྲང་གཞག་དང་། ཕྱི་གསལ་ནང་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ་ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། གསུམ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁོར་ཡུག་ཐོན་ཁུངས་ལ་ཁྲིམས་འཛིན་གྱི་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་བོད་ཀྱི་གཡའ་དག་པའི་ནམ་མཁའ་དང་གངས་རི་རྩྭ་ཐང་སྲུང་སྐྱོང་ཡག་པོ་བྱ་རྒྱུ། བཞི་ནས་མཐའ་མཚམས་ས་ཁུལ་དུ་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མཚམས་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ། མཐའ་མཚམས་ཉོ་ཚོང་གི་རྩོད་གཞི་ཐག་གཅོད་ཡག་པོ་བཅས་བྱས་ཏེ། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ལག་ལེན་ཡག་པོ་བསྟར་རྒྱུ་བཅས་ཡིན།

    དྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་མཛུབ་སྟོན་གལ་ཆེན་འདིའི་དགོངས་དོན་དོན་འཁྱོལ་ཇི་ལྟར་བྱེད་ཀྱི་ཡོད་དམ།

    ལན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བ་མ་ཟད། ལོ་ལྟར་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ལས་དོན་སྙན་སེང་གསན་ནས་འདྲི་གཅོད་བྱ་གཞག་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་གནང་ཡོད།

    ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་བོད་ཀྱི་ཁྲིམས་འཛིན་འདྲི་གཅོད་བྱ་གཞག་གི་འཕེལ་རྒྱས་ཡར་ཐོན་ནི་གཙོ་བོ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཡོད། ང་ཚོས་ངེས་པར་དུ་ཏང་གིས་ཁྲིམས་འཛིན་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་འདྲི་གཅོད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག ཏང་གི་འགོ་ཁྲིད་འོག་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྒྱུར་བཅོས་ལ་སྒུལ་ཤུགས་ཡོད་པ་དང་ཆ་འཕྲིན་ཅན་ལ་ལས་ཕྱོད་ལྡན་པར་བྱེད་པ་དང་། རང་འགུལ་ངང་འགན་འཁུར་བ་དང་རང་འགན་གཙང་མ་བསྒྲུབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་སྲུང་དེ་བས་ནུས་ལྡན་བྱེད་ཀྱི་ཡིན།

    བོད་ཀྱི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ལ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་མཐའ་མའི་འགོག་རགས་སྲུང་སྐྱོང་ཡག་པོ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཡོད་ལ། “མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་གྱོད་གཞི་ཚང་མ་ནས་དྲང་གཞག་དྲང་བདེན་ཚོར་གང་ཐུབ་བྱེད་པའི”བྱ་སྤྱོད་ཏན་ཏིག་སྤེལ་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།