གངས་ལྗོངས་ས་མཐོར་བུད་མེད་ཀྱི་སྟོབས་ཤུགས་མངོན་པ།
ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་དང་། དམངས་འཚོ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་བཅས་ཕྱོགས་གསུམ་སྐུལ་སྤེལ་གྱིས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པའི་སྐོར།

འདི་ནི“ཚོན་མདོག་སྣ་ལྔའི་མེ་ཏོག ཆུ་ཤུར་གྱི་སེམས་སྦྲེལ་ཟམ་པ”ཞེས་པའི་དང་བླངས་ཞབས་ཞུའི་རུ་ཁག་གིས་ངང་རྒྱུད་རིང་པོས་སྲིད་ཇུས་ལ་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་སྐལ་བཟང་མེ་ཏོག་སྨན་བཅོས་ཁྲིད་སྟོན་ཞབས་ཞུའི་རུ་ཁག་གིས་སྨན་བཅོས་རོགས་རམ་དང་ཁྲིད་སྟོན་བྱེད་བཞིན་པ།

འདི་ནི“ཁྱིམ་མཚེས་དབར་ལྟ་སྐྱོང་། ཨ་ཅག་གི་བྱ་སྤྱོད”ཅེས་པའི་དང་བླངས་པས་ཁོངས་གཏོགས་ཁུལ་དུ་གཙང་སྦྲ་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དང་བླངས་ཞབས་ཞུ་གསར་གཏོད་ལ་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ལེགས་ཆ་དང་དང་བླངས་ཞབས་ཞུའི་སྟོབས་ཤུགས་མཉམ་འདྲེས་གཏིང་ཟབ་བྱས་ནས་ཕྱོགས་བསྡུས་ཅན་གྱི་ཞབས་ཞུའི་སྒྲོམ་གཞི་འཛུགས་པ་དང་། ཚལ་ཐོ་རྣམ་པའི་མ་ལག་སྐྲུན་པ། མཉམ་སྐྲུན་རྣམ་པའི་ཞབས་ཞུའི་དྲ་རྒྱ་རྒྱ་སྐྱེད་གཏོང་བ་བཅས་བྱས་པ་བརྒྱུད། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་ཐུབ་སྟེ། དམངས་འཚོའི་འཐབ་ས་དང་པོར་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ནས་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་ཚོར་བར་བྱས་ཡོད།
ཕྱོགས་བསྡུས་ཞབས་ཞུའི་སྒྲོམ་གཞི་གསར་པ་བཙུགས་པ།
ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས“ཞབས་ཞུའི་འཁོར་འབྲེལ་ཐོག་ཀྲི་པུའུ་འཛུགས་པའི”ལས་ཀའི་ལམ་སྲོལ་གསར་པ་བཟོས་ཏེ། རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཚོའི་ཞབས་ཞུའི་ནུས་ཕྱོད་ཆེ་རུ་བཏང་ཞིང་། ཆུ་ཤུར་གྲོང་རྡལ་དམངས་འཚོ་གཞུང་དོན་ཁང་གི་བུད་མེད་ཏང་ཡོན་7ལས་གྲུབ་པའི“ཚོན་མདོག་སྣ་ལྔའི་མེ་ཏོག ཆུ་ཤུར་གྱི་སེམས་སྦྲེལ་ཟམ་པ”ཞེས་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་། དམངས་འཚོའི་ལས་དོན་གྱི་འགན་འཁུར་མཁན་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པས་ཙུའུ་ཀྲང་གི་འགན་འཁུར་ཞིང་། ཞབས་ཞུའི་ཁྱབ་ཁོངས་ལ་གཞིགས་ནས་དམག་ཞབས་ཐིམ་པའི་དམག་མི་དང་། སྨན་བཅོས་འགན་སྲུང་། མི་སྤྱིའི་ལས་དོན། དམངས་སྲིད་ལས་དོན། སློབ་གསོའི་ལས་དོན་བཅས་ཆེད་ལས་ཡན་ལག་རུ་ཁག་ལྔ་ལ་དབྱེ་ནས། “ཏང་ཨུད་ཀྱིས་སྤྱི་འདོམས་དང་། ཀྲི་པུའུ་ཡིས་སྣེ་ཁྲིད། ཡན་ལག་རུ་ཁག་གིས་འགག་སྒྲོལ”བཅས་བྱེད་པའི་རིམ་གསུམ་ཞབས་ཞུའི་སྒྲོམ་གཞི་ཆགས་པར་བྱས་ཡོད།
ཆུ་ཤུར་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཧོ་ཅང་གིས། “ང་ཚོས‘གསོ་སྐྱོང་གཉིས’ཀྱི་ལམ་སྲོལ་ལག་ལེན་བསྟར་ཏེ་ཕུལ་བྱུང་གི་དམངས་སྲིད་ལས་དོན་པ་ཏང་ཡོན་ལ་འཕེལ་རྒྱས་བཏང་བ་དང་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་རྐང་འཛིན་པར་གསོ་སྐྱོང་བྱས་ཡོད། མིག་སྔར་དང་བླངས་ཞབས་ཞུའི་རུ་ཁག་གི་དང་བླངས་པ་ཚང་མ་ཏང་ཡོན་ཤ་སྟག་ཡིན”ཞེས་ངོ་སྤྲོད་བྱས། བསྡོམས་རྩིས་ལ་གཞིགས་ན། འདི་ལོ་ཚུན་ཞབས་ཞུའི་རུ་ཁག་གིས“གྲོང་ཚོ་དང་ཙུའུ་རུ་སྐད་གཉིས་སྒྲོག་འགྲེལ་བྱེད་པ”དང“དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གཙང་སྦྲ་བྱེད་རོགས”སོགས་ཀྱི་ཆེད་དོན་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་བ་དེ་དག་ཞིང་འབྲོག་པའི་ཁྱིམ་ཚང་300ལྷག་ཙམ་ལ་ཁྱབ་ཡོད།
གནད་སྨིན་མཁོ་སྤྲོད་བྱེད་སྟངས་གསར་པ་བཏོད་པ།
ཁོངས་གཏོཌ་ཁུལ་གྱི“རྒན་གཅིག་གཞོན་གཅིག”དང་དམིགས་བསལ་ཚོགས་སྤྱིའི་དགོས་མཁོ་དངོས་ལ་དམིགས་ནས། ཆུ་ཤུར་གྲོང་རྡལ་གྱིས“ཞིང་འབྲོག་པས་མངགས་ཐོ་འགོད་པ་དང་། གྲོང་ཚོ་ཨུ་ལྷན་གྱིས་མངགས་ཐོ་སྐྱེལ་བ། གྲོང་རྡལ་ཏང་ཨུད་ཀྱིས་མངགས་ཐོ་གཏན་འཁེལ་བྱེད་པ། དམངས་སྲིད་ཀྱིས་མངགས་ཐོ་རྩིས་ལེན་པ། མང་ཚོགས་ཀྱིས་མངགས་ཐོར་གདེང་འཇོག་བྱེད་པ”བཅས་ཀྱི“མངགས་ཐོ་ལྔ་མཉམ་འགུལ”གྱི་ལམ་སྲོལ་གསར་དུ་བཏོན་པས། དམངས་འཚོའི་དགོས་མཁོ་དང་དང་བླངས་ཞབས་ཞུ་གནད་སྨིན་འབྲེལ་མཐུད་ཐུབ་ཡོད།
དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་འཆི་མེད་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་དོན། “ང་ཚོས‘སྐད་ཆ་མང་ཙམ་འདྲི་བའི’ལས་ཀ་བྱེད་སྟངས་ལ་བརྟེན་ནས་ཁེར་སྡོད་རྒན་རྒོན་གྱི་ས་ཁོངས་གང་དག་ལ་གཙང་སྦྲ་བྱེད་དགོས་པ་དང་གཞིས་ལུས་བྱིས་པས་དཔེ་དེབ་གང་ཞིག་ཀློག་འདོད་ཡོད་པ་ཤེས་རྟོགས་བྱས་ཏེ། འདྲི་རྩད་ཞིབ་ཕྲ་བྱས་པ་བརྒྱུད། མང་ཚོགས་ཀྱི་དགོས་མཁོ་ཁོང་དུ་ཡང་དག་ཆུད་པར་བྱེད་ཀྱི་ཡོད” 2025ལོ་ཚུན་དུ། ཆུ་ཤུར་རྫོང་གིས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་གཟའ་འཁོར་རེར་གྲོང་ཚོ་དང་ཙུའུ་རུ་འཚམས་འདྲི་ཐེངས་རེ་བྱས་ཤིང་། རིམ་རྩིས་བརྒྱབ་ན། དགོས་མཁོ་མི་འདྲ་བ་ཁག་127འཚོལ་བསྡུ་བྱས་པ་དང“དུད་ཚང་གཅིག་ལ་ཡིག་ཚགས་གཅིག”གི་འགུལ་རྣམ་གྲངས་གཞིའི་མཛོད་ཁག་83བཟོས་པ་རེད།
ཆུ་ཤུར་གྲོང་རྡལ་གྱིས་མང་ཚོགས་ཀྱིས་བཏོན་པའི་ཞབས་ཞུའི་དགོས་མཁོར་ངེས་པར་དུ་ཆུ་ཚོད་48ནང་དང་ལེན་ཞུ་དགོས་པ་དང་ཆུ་ཚོད་72ནང་སྒྲུབ་པའམ་ཡང་ན་ལན་སློག་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། མང་ཚོགས་ཀྱིས“ཆུ་ཤུར་གྱི་ཏང་འཛུགས་ལས་འགུལ”བྱ་རིམ་ཆུང་གྲས་བརྒྱུད། ཞབས་ཞུའི་མྱུར་ཚད་ལ་དུས་ཐོག་ཏུ་ལྟ་ཆོག་པ་དང་འབྲེལ་གདེང་འཇོག་ཀྱང་བྱེད་ཆོག་གི་ཡོད། ལམ་སྲོལ་དེ་འཁོར་རྒྱུག་བྱས་པ་ནས་བཟུང་། མང་ཚོགས་ཀྱི་མངགས་ཐོ་ཁག་236སྒྲུབ་པ་དང་ཞབས་ཞུ་ལེགས་གྲུབ་བྱེད་ཚད་དང་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།
དམངས་ཡོངས་ཞུགས་པའི་རྣམ་པ་གསར་པ་བཏོད་པ།
ཆུ་ཤུར་གྲོང་རྡལ་གྱིས“ཏང་ཨུད་ཀྱིས་གཙོ་ཁྲིད་དང་ཕྱོགས་མང་མཉམ་འགུལ”མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ། དམངས་འཚོའི་ཞབས་ཞུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་ནས་དམངས་ཡོངས་ཞུགས་པའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད།
ཏང་འཛུགས་སྐྱོང་མཉམ་སྐྲུན་བྱེད་པའི་ཐད། ཆུ་ཤུར་གྲོང་རྡལ་གྱིས་ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་ཚན་པ་དང་ཤང་གི་སྤྱོད་ཡོན་གཉིས་ལྡན་མི་སྣ། དེ་བཞིན་ཧྲའན་ཤིས་འཛུགས་སྐྲུན་བཟོ་ལས་རྨང་གཞིའི་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི། བོད་ལྗོངས་དབང་ཕྱུག་ཞིང་འབྲོག་མཉམ་ལས་ཁང་སོགས་དམངས་གཉེར་ཁེ་ལས་དང་མཉམ་དུ་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། ཁོར་ཡུག་བཅོས་སྒྲིག་ཆེན་པོ་དང“ཁེ་ལས་དང་དུད་ཚང་འབྲེལ་མཐུད”སོགས་ཀྱི་བྱེད་སྒོ་སྤེལ་ཡོད། མིག་སྔའི་བར་མྱུར་སྐྱོབ་གསོ་སྦྱོང་ཐེངས་3དང་། ཡུལ་མི་15ལ་གསོ་སྦྱོང་། འཚོ་བའི་དངོས་ཟོག་དང་མ་དངུལ་སྒོར་ཁྲི་22.5བསྡུ་རུབ་བཅས་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་4ཡི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།