དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨན་རྩིས་ཁང་སྲོལ་རྒྱུན་གྱི་བཟོ་ཁང་ནས་དེང་རབས་ཅན་གྱི་ཐོན་སྐྱེད་བར་གྱི་འཕོ་འགྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-15

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨན་རྩིས་ཁང་ནས་གཏམ་བཟང་ཞིག་ཐོན་པ་སྟེ། སྨན་ཁང་གི་སྨན་སྦྱོར་ཁང་ལ《སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་ཆོག་འཐུས་ལག་ཁྱེར》སྤྲད་པ་རེད།

    “མིག་སྔར་ང་ཚོས་བོད་སྨན་སྣ་ཁ་64སྨན་སྦྱོར་ཐུབ་པ་དེའི་ནང་བྱུར་དམར་བདུན་ཅུ་དང་། གཡུ་དྲིལ་བཅུ་གསུམ་ཁ་ཚར། ཕག་གྲུབ་ཁ་ཚར་སོགས་སྣ་ཁ་ལྔ་སྨན་ཁང་ལ་དམིགས་བསལ་དུ་ཡོད་པ་དང་། རང་བདག་ཤེས་བྱའི་བདག་དབང་གི་བོད་སྨན་སྨན་སྦྱོར་དབང་ཆ་ལྡན་ཡོད”ཅེས་ཤན་རྩ་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ལྷ་འཛོམས་གྱིས་གསར་འགོད་པར་བཤད།

    ཉེ་བའི་ལོ་ཤས་རིང་། ཤན་རྩ་རྫོང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ལེགས་ཆ་སྔོག་འདོན་གང་ལེགས་བྱས་པ་དང་བོད་སྨན་སྨན་སྦྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། 2019ལོའི་ཟླ་8པར། ཀྲུང་ཤིན་ཚོགས་པས་བོད་སྐྱོར་མ་དངུལ་སྒོར་ཁྲི་5000བཏང་བའི་ཤན་རྩ་རྫོང་སྨན་རྩིས་ཁང་གི་སྨན་ཁང་གསར་པ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། 2021ལོར་ཤན་རྩ་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་ལ《གཞི་རིམ་གྱི་བོད་སྨན་སྨན་སྦྱོར་ཐོ་འགོད་མཆན་འགོད་ཡིག་ཆ》ཐོབ་པ་རེད། 2023ལོར་ཤན་རྩ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་1250བཏང་ནས་ཤན་རྩ་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་ལ་ཕྱོགས་ཡོངས་ནས་སྒྱུར་བཀོད་རིམ་སྤོར་བྱས་པ་རེད། 2024ལོའི་ཟླ་7པར། ཤན་རྩ་རྫོང་སྨན་རྩིས་ཁང་དངོས་སུ་རིམ་པ་གཉིས་པའི་ཁ་པ་རིམ་པའི་མི་རིགས་སྨན་ཁང་ལ་གྱུར་པ་རེད།

    སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཀྱི་ཤན་རྩ་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་1450ལྷག་ཙམ་ཟིན་པ་དང་། དེ་དེང་རབས་ཅན་དང་ཚད་གཞི་མཐོ་བའི་བོད་སྨན་ཐོན་སྐྱེད་རྟེན་གཞིར་གྱུར་པ་རེད།

    མིག་སྔར། ཤན་རྩ་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དུ་ལས་དོན་པ་13ཡོད་པ་དེའི་ནང་ཤན་རྩ་རྫོང་གི་རང་སའི་སློབ་གྲྭ་ཆེ་མོ་བ་9ཡོད་པ་རེད། ཤེས་རབ་ཆོས་སྒྲོན་ནི་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་ནས་ཡིན་པ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་ནས་ཐོན་པ་རེད། “ལས་ཀ་འདི་ངའི་སློབ་ཆེན་གྱི་ཆེད་ལས་དང་མཐུན་འདུག ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་པ་མ་ཟད། ལག་རྩལ་ཡང་གོང་མཐོར་གཏོང་ཐུབ་ཀྱི་འདུག”ཅེས་ཤེས་རབ་ཆོས་སྒྲོན་གྱིས་བཤད།

    བོད་ཀྱི་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་སྨན་སྦྱོར་ཁང་གིས་ད་དུང་བོད་ཀྱི་གསོ་བ་རིག་པའི་འགྲེམས་ཁང་བཙུགས་ཤིང་། མིག་སྔར་འགྲེམས་སྟོན་ཁང་དུ་གཏེར་ཁ་དང་སྨན་རྫས་སྣ་ཁ་46དང་། རྩ་ཆེའི་སྨན་རྫས་སྣ་ཁ་16 དེ་བཞིན་བོད་སྨན་སྐོར་གྱི་གསུང་རྩོམ་དང་། གནའ་དཔེ། བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་སྨན་བཅོས་ཡོ་བྱད་སོགས་འགྲེམས་སྟོན་བྱས་ཡོད་པ་རེད།

    ཕན་ནུས་བཟང་བའི་བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་སྨན་བཅོས་དང་བོད་སྨན་སྨན་སྦྱོར་ཡག་པོར་བརྟེན་ནས་སྨན་ཁང་དེ་ཤན་རྩ་རྫོང་དང་ཉེ་འཁོར་ཡུལ་ལུང་གི་མང་ཚོགས་ཀྱིས་ནད་བསྟེན་ས་གཙོ་བོར་གྱུར་པ་དང་། ནད་པ་མི་ཉུང་བ་ཞིག་དེ་གའི་སྙན་གྲགས་ཐོས་ནས་ཡོང་གི་ཡོད། བསྡོམས་རྩིས་བརྒྱབ་ན། 2024ལོར། ཤན་རྩ་རྫོང་སྨན་རྩིས་ཁང་གི་སྒོ་བསྟེན་སྨན་བཅོས་དང་ཞག་སྡོད་མི་ཐེངས་ཁྲི་2ལྷག་ཙམ་ཟིན་གྱི་ཡོད།

    ཤན་རྩ་རྫོང་སྨན་རྩིས་ཁང་གི་བརྟག་བཅོས་ཁང་དུ་བོད་སྨན་གྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ། གསར་འགོད་པར་ལོ་81ལ་སླེབས་པའི་རླུང་གྲིབ་ནད་པ་ཞིག་ལ་ཧོར་མེའི་སྨན་བཅོས་བྱེད་པ་མཐོང་། “ནད་པ་ཞག་སྡོད་ཉིན་14བྱས་སོང་། དང་པོ་སླེབས་སྐབས་འགུལ་སྐྱོད་བྱེད་དཀའ་བས་ང་ཚོས་ནད་པར་བོད་ཀྱི་གསོ་བ་རིག་པའི་བཅོས་ཐབས་གཏན་འཁེལ་བྱས་ཏེ་ཧོར་མེ་དང་གསེར་ཁབ་སོགས་ཀྱི་སྨན་བཅོས་བྱས་པ་ཡིན། ད་ཆ་ནད་པའི་ནད་གཞི་དྲག་ཏུ་མངོན་གསལ་ཕྱིན་འདུག”ཅེས་གཙོ་བཅོས་སྨན་པ་དཀའ་བཅུ་པ་ཚེ་རིང་ཆོས་འཛོམས་ཀྱིས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་གཞི་རིམ་སྨན་སྤྱོད་ཀྱི་དགོས་མཁོ་སྐོང་ཆེད། རང་སྐྱོང་ལྗོངས་རིམ་པའི་སྙན་དཔོད་ཐོབ་པའི་ཤན་རྩ་རྫོང་སྨན་རྩིས་ཁང་སྨན་སྦྱོར་ཁང་གི་བོད་སྨན་སྨན་སྦྱོར་དེ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་སུ་རེ་ཞུ་ཧུར་ཐག་བྱས་ནས་བཅུག་པ་དང་། སྨན་སྦྱོར་བྱས་པའི་བོད་སྨན་དག་ལྗོངས་ནང་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་སྦྱོར་དང་བེད་སྤྱོད་གཏོང་ཆོག་པ་མ་ཟད་གཅིག་གྱུར་གྱི་རྩིས་ཞུའི་སྲིད་ཇུས་ཀྱང་ལག་བསྟར་བྱས་ཡོད།

    “ང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་དེང་རབས་ཀྱི་ཚན་རྩལ་དང་དོ་དམ་གྱི་འདུ་ཤེས་ཟུང་འབྲེལ་གྱིས་བོད་སྨན་སྨན་སྦྱོར་གྱི་ཐོན་སྐྱེད་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྒྱ་ཆེའི་ནད་པ་རྣམས་ལ་སྤུས་ལེགས་དང་། བདེ་འཇགས། གོ་ཆོད་བཅས་ཀྱི་བློ་བདེའི་སྨན་སྤྲོད་ཀྱི་ཡིན”ཞེས་ལྷ་འཛོམས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།