མངའ་རིས་ས་ཁུལ་གྱི་གནའ་རྫས་རྟོག་ཞིབ་གླེང་མོལ་བྱེད་སྒོ་མཇུག་འགྲིལ་བ།
ཉེ་ཆར། མངའ་རིས་ས་ཁུལ་གྱི་གནའ་རྫས་རྟོག་ཞིབ་གླེང་མོལ་བྱེད་སྒོ་མངའ་རིས་རྟེན་མཛོད་ཁང་དུ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་ཀྲུང་གོ་གནའ་རྫས་རྟོག་ཞིབ་སློབ་ཚོགས་མཐའ་མཚམས་གནའ་རྫས་རྟོག་ཞིབ་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་ཤིང་། “ཞང་ཞུང་གི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་སྔོག་འདོན་དང་གསལ་འགྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གཅིག་སྡུད་བྱས་ནས་མཐའ་མཚམས་ཤེས་དཔལ་ཞིབ་འཇུག་གི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཉེ་བའི་ལོ་ཤས་རིང་མངའ་རིས་ཀྱི་གནའ་རྫས་རྟོག་ཞིབ་ནང་སྔོག་འདོན་ཐུབ་པའི་དཀའ་གནད་དང་། ལོ་རྒྱུས་རིག་གནས་ཀྱི་རིག་ཚན་བརྒལ་བའི་གསལ་འགྲེལ། གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཀྱི་རིག་གནས་ཡུལ་སྐོར་གྱི་ཕྱོགས་སྒྱུར་རྣམ་པ་སོགས་བརྗོད་གཞིར་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས། ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་བཀོད་པའི་ཁྲོད་ཀྱི་ཞང་ཞུང་ཤེས་དཔལ་ལོ་རྒྱུས་ཀྱི་གནས་བབ་འཇུག་སྒོར་བྱས་ནས་ཁུལ་ཁོངས་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཟབ་གཏོང་གི་ཞིབ་ཕྲའི་ཇུས་གཞི་བཏོན་པ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་གི་གནའ་ཤུལ་གྱི་སྲུང་སྐྱོང་རང་བཞིན་ལས་མངོན་པའི་སྔོན་ཐོན་ཉམས་མྱོང་མཉམ་སྤྱོད་ཀྱང་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་བདེ་བླག་ངང་གཉེར་བ་ལས་ལྗོངས་ཕྱི་ནང་གི་གནའ་རྫས་རྟོག་ཞིབ་རིག་པའི་ལས་རིགས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་རིག་ལྡན་སྤེལ་རེས་ཀྱི་མཉམ་ལས་ལས་སྟེགས་བསྐྲུན་པ་མ་ཟད། ཞང་ཞུང་གི་ཤེས་དཔལ་ཞིབ་འཇུག་ལ་བརྟེན་ནས་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་གི་ལོ་རྒྱུས་ཀྱི་གཞི་རྩ་སྔར་བས་བརྟན་དུ་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།