དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཞིང་བྲན་ནས་མགྲོན་ཁང་གཉེར་སྐྱོང་བྱེད་མཁན་བར།

    འབྲོག་པའི་ཁྱིམ་ཚང་ཞིག་གིས་བརྒྱུད་པའི་དུས་རབས་ཀྱི་འཕོ་འགྱུར།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-15

    འདི་ནི་རིན་ཆེན་ཆོས་སྒྲོན(གཡས)དང་ཁོང་གི་བུས་རང་ཁྱིམ་གྱི་ཚོམས་ཆེན་དུ་མཉམ་པར་རྒྱག་བཞིན་པ། (ཟླ་9ཚེས་16ཉིན་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་པར་བརྒྱབ།

    འདི་ནི་རིན་ཆེན་ཆོས་སྒྲོན(གཡས)དང་ཁོང་གི་བུ་རང་ཁྱིམ་གྱི་སྒོ་རྩར་ལངས་ཡོད་པ། (ཟླ་9ཚེས་16ཉིན་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་པར་བརྒྱབ།

    འདི་ནི་བོད་ལྗོངས་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་བྱ་མ་གྲོང་ཚོའི་ཡུལ་མིས་གཟན་རྩྭ་བརྔས་ནས་ཕྱུགས་རིགས་དགུན་སྒྲོལ་ལ་གྲ་སྒྲིག་བྱེད་བཞིན་པ། (ཟླ་9ཚེས་16ཉིན་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་པར་བརྒྱབ།

    འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་བྱ་མ་གྲོང་ཚོ་དེ་ཉིད་ལྷ་སའི་བྱང་རྒྱུད་ཀྱི་སྤྱི་ལེ་170ཙམ་གྱི་སར་ཆགས་ཡོད། སྟོན་དུས་ཀྱི་ཉི་འོད་ཁྲ་མའི་ངོས་སུ་འཕྲོ་སྐབས། གྲོང་ཚོ་དེའི་ལོ་ན་བདུན་ཅུར་སླེབས་པའི་རྨོ་བོ་རིན་ཆེན་ཆོས་སྒྲོན་རང་ཁྱིམ་གྱི་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་ཚོམས་ཆེན་དུ་བསྡད་ཡོད་པ་རེད།

    “ཆུང་དུས་ང་རང་ནི་ཞིང་བྲན་ཡིན། རྒྱུན་དུ་ལྟོ་གྲོད་པ་རྒྱགས་པ་བཟའ་རྒྱུ་མེད་ལ། ལུས་ལ་གྱོན་པའི་གོས་དེ་ཡང་ལྷན་པ་ཡང་སེ་བརྒྱབ་པའི་གོས་ཧྲུལ་ཡིན་པས་གྱོན་དུས་བདེ་པོ་མེད”ཅེས་རྨོ་བོ་རིན་ཆེན་ཆོས་སྒྲོན་གྱིས་ཕྱིན་དྲན་བྱེད་ཀྱིན་བརྗོད།

    ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་པས་རིན་ཆེན་ཆོས་སྒྲོན་གྱི་ལས་དབང་ལ་འགྱུར་ལྡོག་བྱུང་ཞིང་། 1965ལོར། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། 1970ལོར། རིན་ཆེན་ཆོས་སྒྲོན་བོད་ཀྱི་གསོ་བ་རིག་པ་སྦྱོང་བར་མངགས། སློབ་གྲྭ་ཐོན་རྗེས་ཁོང་གྲོང་ཚོའི་སྨན་པ་ཞིག་ལ་གྱུར་པ་རེད།

    2006ལོར། འདམ་རྡོའི་ཆུ་རུད་ཀྱི་ཉེན་ཁ་འཕྲད་པས་རིན་ཆེན་ཆོས་སྒྲོན་གྱི་ཁྱིམ་རི་སྟེང་ནས་རི་གཤམ་དུ་སྤོས་ནས་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ཏེ་བསྐྲུན་པའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བ་རེད། 2015ལོར་ཁོང་གི་ཁྱིམ་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། བཟོ་བཅོས་ཐེངས་ཁ་ཤས་བརྒྱབ་པ་བརྒྱུད། ད་ཆའི་ཉལ་ཁྲི་50ལྷག་ཙམ་ཡོད་པའི་མགྲོན་ཁང་དུ་རིམ་བཞིན་འཕེལ་རྒྱས་བྱུང་ཡོད།

    རིན་ཆེན་ཆོས་སྒྲོན་གྱི་ཁྱིམ་གཞུང་ལམ་གྱི་ཟུར་དུ་གནས་ཤིང་། བཟོ་བཀོད་ལེགས་པའི་བོད་བཟོའི་ཇ་ལྕོག་ཐོག་མགྲོན་པོར་སྣེ་ལེན་ཞུ་ཆེད་ཀྱི་ཤིང་ཏོག་དང་ཚགས་ཤ་སྐམ་པོ་སོགས་བཞག་ཡོད་པ་དང་། ཆ་སྒམ་ནང་དཀར་ཡོལ་དང་ཤིང་ཕོར་སོགས་ཇ་ཕོར་སྣ་ཚོགས་བསྒྲིགས་ཡོད། མགྲོན་པོ་སླེབས་རིམ་བཞིན་ཁོང་གིས་ལག་གཉིས་པོས་ཇ་ལྟིར་བཏེགས་ཏེ་མགྲོན་པོར་ཇ་བསྲུབས་མ་བླུག་གི་ཡོད་པ་རེད།

    ཁོམ་པ་ཡོད་དུས་རིན་ཆེན་ཆོས་སྒྲོན་ལག་ཐོགས་ཁ་པར་ནས་བརྙན་ཐུང་བལྟ་བའམ་ཡང་ན་བརྙན་འཕྲིན་ནས་རྒྱུན་མཐུད་འཁྲབ་ཚན་བལྟ་རྒྱུར་དགའ་པོ་ཡོད་ཅིང་། ཁོང་གིས“དེ་སྔ་འབྲོག་ཁུལ་དུ་ལག་ཐོགས་ཁ་པར་དང་བརྙན་འཕྲིན་ལྟ་ཞོག གློག་བརྟན་པོ་ཞིག་ཀྱང་མེད”ཅེས་བརྗོད།

    ཡུལ་སྐོར་ལ་འགྲོ་རྒྱུ་དེ་ཡང་རིན་ཆེན་ཆོས་སྒྲོན་གྱི་དགའ་ཕྱོགས་ཤིག་ཡིན་ཞིང་། དེ་སྔོན་ཁོང་པེ་ཅིང་དུ་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་ལ་ལྟ་སྐོར་དུ་བསྐྱོད་མྱོང་ལ། གནམ་གྲུར་བསྡད་ནས་སི་ཁྲོན་དང་། ཡུན་ནན། ཧྲའན་ཤིས། ལེའོ་ཉིང་སོགས་སུའང་འགྲོ་མྱོང་ཡོད་པ་རེད།

    “ཆུང་དུས་གནམ་གྲུར་སྡོད་རྒྱུ་ཕར་ཞོག བོད་ནས་ཕྱིར་འགྲོ་ཐུབ་ཡོང་སྙམ་པའང་བསམ་པའི་ཡུལ་ལ་མེད། ད་ཆ་གང་དུ་ཕྱིན་ཡང་ཧ་ཅང་སྟབས་བདེ་པོ་འདུག”ཅེས་རིན་ཆེན་ཆོས་སྒྲོན་གྱིས་མྱོང་བ་ཟབ་མོས་བརྗོད། མི་རིང་བའི་གོང་། ཁོང་གི་ཚ་མོ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་སློབ་གླིང་དུ་ཚུད་པ་དང་། ཁོང་གིས“ཕྲུ་གུ་ཚོ་ང་རང་འགྲོ་མྱོང་མེད་པའི་ས་ཆར་བསྐྱོད་པ་མཐོང་དུས་དངོས་འབྲེལ་སེམས་གཏིང་ནས་དགའ་ཚོར་ཆེན་པོ་འདུག”ཅེས་བརྗོད།

    བྱ་མ་གྲོང་ཚོའི་ཀྲུའུ་རེན་བསྟན་འཛིན་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཡུལ་མི་ཚོས་ཞིང་འཕྲུལ་ཡོ་བྱད་གོང་ཁེ་པོ་བྱས་ནས་ཉོ་ཐུབ་པ་དང་། ད་ཆ་ཁྱིམ་ཚང་ཕལ་ཆེ་བར་དེང་རབས་ཅན་གྱི་རྩྭ་བརྔ་འཕྲུལ་འཁོར་སྤྱོད་རྒྱུ་ཡོད་པ་རེད།

    རིན་ཆེན་ཆོས་སྒྲོན་གྱི་ཁྱིམ་དུ་འབྲི་གཡག་མགོ་གྲངས་50ལྷག་ཙམ་གསོས་ཤིང་། རིན་ཆེན་ཆོས་སྒྲོན་གྱི་བུ་ངག་དབང་བྱམས་པས“རྩྭ་བརྔ་འཕྲུལ་འཁོར་ཡོད་པས་གཟན་རྩྭ་བརྔ་སྐབས་ཧ་ཅང་སྟབས་བདེ་རུ་ཕྱིན་འདུག”ཅེས་བརྗོད།

    འབྲི་གཡག་ཐོན་ལས་དེ་ཉིད་ས་གནས་དེ་གའི་འབྲོག་པར་འབབ་འཕར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། བསྟན་འཛིན་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། བྱ་མ་གྲོང་ཚོར་ཁྱོན་དུད་ཚང་440དང་། མི་2102 སྒོ་ཕྱུགས་ཁྲི་2.8བཅས་ཡོད་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།

    2024ལོར། བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཀྱི་འགག་སྒོ་ཆེན་པོ་ལས་གྲོལ་ཏེ་སྒོར་21578ཟིན་ནས་8.3%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ཞིང་བྲན་ནས་གྲོང་ཚོའི་སྨན་པ་དང་། ས་ཕག་ཁང་ཆུང་ནས་དེང་རབས་ཀྱི་མགྲོན་ཁང་བར། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་ཞིང་འབྲོག་པའི་ཁྱིམ་ཚང་དེ་བས་མང་པོ་ཞིག་གིས་རང་ཉིད་ལ་དབང་བའི་འཚོ་བ་གསར་པར་རོལ་བཞིན་མཆིས། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།