དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རྫོང་གྲོང་ཆུང་ངུར་མྱུར་བགྲོད་མེ་འཁོར་འབབ་ཚུགས་ཡོད་པ”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  སུང་ཁྲའོ་ཅུན།   |     སྤེལ་དུས།  2025-10-14

    ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཡུང་ཏེང་འབབ་ཚུགས་བྱང་མར་མྱུར་བགྲོད་མེ་འཁོར་ཞིག་འབྱོར་བ་དང་འགྲུལ་པ་མི་ཉུང་བ་ཞིག་འབབ་ཚུགས་ནས་མ་དོན་གོང་གཅིག་རྗེས་གཉིས་མཐུད་ངང་ཟ་ཁང་ཞིག་ལ་ཁ་པར་བརྒྱབ་སྟེ་སྡོད་ས་སྔོན་མངགས་བྱེད་ཀྱི་ཡོད། སྤྱི་ལེ་ཁ་ཤས་ཀྱི་སར་ཡོད་པའི་ཟ་ཁང་དེའི་སྦྱིན་བདག་ཀྲང་གོ་ཆིང་ཐབ་ཚང་ནང་བྲེལ་བས་འཁོལ་བཞིན་ཡོད། མྱུར་བགྲོད་མེ་འཁོར་འབབ་ཚུགས་ནས་ཁོང་གི་ཟ་ཁང་བར་རླངས་འཁོར་བསྡད་ན་སྐར་མ་ཁ་ཤས་ལས་འགོར་གྱི་མེད།

    ན་ནིང་ཟླ་བ་དྲུག་པར་ལན་ཀྲང་མྱུར་བགྲོད་ལྕགས་ལམ་ལན་ཝུའུ་དུམ་བུ་དངོས་སུ་ཤར་གཏོང་ཐུབ་ནས་ནུབ་བྱང་ཁུལ་དུ་གནས་པ་དང་རྒྱུན་སྡོད་མི་འབོར་ཁྲི་30ཡང་མ་ཟིན་པའི་ལན་ཀྲོའུ་གྲོང་ཁྱེར་ཡུང་ཏེང་རྫོང་གྲོང་ཆུང་ཆུང་དེར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ཚོང་ཧ་ཅང་ཡག་ཏུ་ཕྱིན་ཡོད། དེ་སྔོན་ཀྲང་གོ་ཆིང་གི་ཟ་ཁང་ནང་སྒྲོག་ཙེ་22རྟག་ཏུ་སྡོད་ས་ཁེངས་ཀྱི་མེད། ད་ཆ་ཕྱི་དྲོ་དང་དགོང་མོའི་སྐབས་ཟ་ཁང་ནང་མིས་ཁེངས་ནས་སྡོད་སའང་རག་གི་མེད། “རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་གི་ཚོང་གཉེར་དངུལ་འབོར་ན་ནིང་ལས་ལྡབ་གཅིག་འཕར་སོང”ཞེས་ཀྲང་གོ་ཆིང་གིས་མགྲོན་པོ་ཚོར་ཞབས་ཞུ་བྱེད་ཀྱིན་དེ་ལྟར་བརྗོད།

    བྱ་འཕུར་བ་ལྟ་བུའི་མྱུར་ཚད་དང་ཚོར་ཐུབ་པའི་དྲོ་སྐྱིད་ཟབ་མོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགྲིམ་འགྲུལ་ལམ་ཐིག་གསར་པ་ཚང་མ་ལས་མི་དམངས་ཀྱི་བདེ་སྐྱིད་ཕུགས་འདུན་ཐེག་ཡོད”ཅེས་ནན་བཤད་གནང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་1ཙམ་གསར་དུ་འཕར་ནས་མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་ཡོད།

    དེ་སྔ་ཡུང་ཏེང་རྫོང་དུ་མྱུར་ཚད་དཀྱུས་མའི་མེ་འཁོར་ཁོ་ན་ལས་མེད་པ་དང་འཁོར་ཐེངས་ཀྱང་མང་པོ་མེད། མྱུར་བགྲོད་མེ་འཁོར་འབབ་ཚུགས་ཤར་གཏོང་ཐུབ་ནས་ད་ལོའི་ལོ་སྟོད་དུ་ཡུང་ཏེང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་543.4ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་164%འཕར་ནས། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་32.6ཟིན་པ་དེ་དུས་མཚུངས་ལས་165%འཕར་ཡོད་པ་རེད།

    “རྫོང་གྲོང་ཆུང་ངུར་མྱུར་བགྲོད་མེ་འཁོར་འབབ་ཚུགས་ཡོད་པས་མི་འགྲུལ་མང་དུ་ཕྱིན་ཏེ་ཚོང་ཡང་རང་ཤུགས་ཀྱིས་ལེགས་སུ་ཕྱིན་སོང”ཞེས་ཀྲང་གོ་ཆིང་གིས་ངོ་སྤྲོད་བྱས། ཁོང་གི་ཟ་ཁང་ཡུང་ཏེང་གི་གྲོང་གསེབ་དར་རྒྱས་དཔེ་སྟོན་ཁུལ་དུ་གནས་པ་དང་དེ་ནི་ས་གནས་དེ་གའི་ཞིང་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བཀྲག་མདངས་འཚེར་བའི་ལས་གྲྭ་ཞིག་རེད། མྱུར་བགྲོད་ལྕགས་ལམ་ལས་ཟ་ཁང་གི་ཚོང་ལེགས་སུ་ཕྱིན་པ་མ་ཟད། ད་དུང་ཡུལ་དེའི་ཚུའུ་དང་། རྒྱ་སེའི་མེ་ཏོག ས་མཐོའི་སྔོ་ཚལ་སོགས་ཁྱད་ལྡན་ཞིང་ལས་ཐོན་ཟོག་ཁག་གཅིག་ཀྱང་བྲིན་ཁ་རྒྱུག་ཏུ་ཕྱིན་ཡོད། རྫོང་ཁོངས་ཀྱི་དཔལ་འབྱོར་གསོན་ཤུགས་རྒྱས་པ་དང་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ནས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    ད་ཆ་མྱུར་བགྲོད་མེ་འཁོར་དེ་འགྲོ་འོང་བྱེད་མཁན་ཚོགས་སྤྱི་དང་སློབ་མ་མང་པོ་ཞིག་གི“དུས་གཏན་མེ་འཁོར་གསར་པར”གྱུར་ཡོད།“འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་བསྡུར་ན་སྐྱིད་པོ་འདུག རླངས་འཁོར་བཏང་བ་ལས་འགྲོ་སོང་ཆུང་བ་འདུག”ཀྲང་གོ་ཆིང་གིས“ད་ཆ་གྲོང་ཁྱེར་ནང་གི་མི་རྣམས་རྫོང་གྲོང་དུ་སྤྲོ་གསེང་ལ་ཡོང་ནའང་འདྲ། ང་ཚོ་གྲོང་ཁུལ་དུ་ཅ་དངོས་ཉོ་བ་དང་སྨན་བཅོས་བྱེད་པར་འགྲོ་བསམ་ན་དེ་མུར་འགྲོ་ཐུབ། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས་ཚང་མའི་གདམ་ག་ཡང་མང་དུ་ཕྱིན་སོང”ཞེས་བརྗོད།

    ཀྲང་གོ་ཆིང་གིས“མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་པ་དེ་ནི་ཉ་རྫིང་ནང་རྒྱུག་ཆུ་དྲངས་པ་དང་གཉིས་སུ་མ་མཆིས། ང་ཚོས་སྔར་བས་འབད་བརྩོན་བྱས་ཏེ་གོ་སྐབས་ཡག་པོ་དེ་དངོས་དངོས་རྗེན་རྗེན་གྱི་འཚོ་བ་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།