རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་བ།
རིན་གོང་གི་འགྲན་རྩོད་ཟང་ཟིང་བཅོས་སྒྲིག་བྱས་ནས་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱེད་པ།
ཁྲོམ་རའི་རིན་གོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《རིན་གོང་གི་འགྲན་རྩོད་ཟང་ཟིང་བཅོས་སྒྲིག་བྱས་ནས་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》(གཤམ་དུ《སྤྱི་བསྒྲགས》ཞེས་བསྡུ་རྒྱུ)སྤེལ་བ་རེད།
《སྤྱི་བསྒྲགས》ནང་བཏོན་དོན། ཁྲོམ་རའི་རིན་གོང་སྙོམས་སྒྲིག་བྱས་པའི་ཚོང་ཟོག་དང་ཞབས་ཞུར། གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། དྲང་གཞག་དང་། ཁྲིམས་མཐུན། ཡིད་རྟོན་རུང་བ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། ཐོན་སྐྱེད་གཉེར་སྐྱོང་གི་མ་གནས་དང་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་གཞི་རྩའི་གཞི་འཛིན་སར་བྱས་ཐོག ཁྲིམས་ལྟར་རང་བདག་ངང་རིན་གོང་གཏན་འཁེལ་བྱེད་པའི་དབང་ཆ་སྤྱོད་པ་དང་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་རང་རྟོགས་ངང་སྲུང་སྐྱོང་བྱས་ནས། ཐུན་མོང་ཐོག་དྲང་གཞག་འགྲན་རྩོད་དང་སྒྲིག་ལམ་ལྡན་པའི་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་དགོས།
《སྤྱི་བསྒྲགས》ནང་ད་ལྟ་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་རང་བདག་ངང་རིན་གོང་གཏན་འཁེལ་བྱེད་པའི་གཉེར་སྐྱོང་པའི་དབང་ཆར་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྔོན་ཚུད་ཁྲིད་སྟོན་དང་རིན་གོང་གཏན་འཁེལ་བྱེད་རིང་དང་གཏན་འཁེལ་བྱས་རྗེས་ཀྱི་ལྟ་འདོམས་ཟུང་དུ་འབྲེལ་བའི་བསམ་ཕྱོགས་གཞིར་བཟུང་བཅོས་སྒྲིག་བྱ་ཐབས་མང་པོ་བཏོན་ཡོད།
རིན་གོང་གི་འགྲན་རྩོད་ཟང་ཟིང་གནད་དོན་མངོན་གསལ་དོད་པའི་གཙོ་གནད་ལས་རིགས་ཐད། ལས་རིགས་མཐུན་ཚོགས་སོགས་འབྲེལ་ཡོད་སྒྲིག་གཞིས་ལས་རིགས་ཀྱི་ཆ་སྙོམས་མ་གནས་ལ་བརྟག་ཞིབ་དང་ཚོད་སྐོར་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བརྗོད་དོན། ལས་དོན་དེ་སྤེལ་བ་ལས་ཕྱོགས་གསུམ་ཐད་ཀྱི་ནུས་པ་ཐོན་ཐུབ་པ་སྟེ། གཅིག་ནི་གཉེར་སྐྱོང་པར་རིན་གོང་ལུགས་མཐུན་ངང་གཏན་འཁེལ་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ནས། གཉེར་སྐྱོང་པས་རང་ངོས་ཀྱི་མ་གནས་དང་ལས་རིགས་ཀྱི་ཆ་སྙོམས་མ་གནས་དང་ཟུང་འབྲེལ་བྱས་ཏེ་རིན་གོང་གཏན་འཁེལ་ཐབས་ཇུས་ལེགས་སུ་གཏོང་བ་དང་། རིན་གོང་ལུགས་དང་མཐུན་པའི་ངང་གཏན་འཁེལ་བྱས་ནས་རིན་གོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་ཐུབ་པ་དང་། གཉིས་ནི་གཉེར་སྐྱོང་པར་ཐོན་སྐྱེད་གཉེར་སྐྱོང་དོ་དམ་བྱེད་སྟངས་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་འཛད་སྤྱོད་པར་རིན་གོང་ལུགས་དང་མཐུན་པའི་ཚོང་ཟོག་དང་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ། གསུམ་ནི་ལས་རིགས་ཀྱི་ཆ་སྙོམས་མ་གནས་དང་ཁྲོམ་རའི་རིན་གོང་ཞིབ་བསྡུར་བྱས་པ་བརྒྱུད་ལས་རིགས་ཀྱི་འགྲན་རྩོད་གནས་ཚུལ་སྔར་བས་ཡང་དག་ངང་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ཐུབ་ནས་སྤྱི་ཁོག་སྙོམས་སྒྲིག་ལ་དཔྱད་གཞི་མཁོ་འདོན་བྱེད་ཐུབ།
རིན་གོང་གི་འགྲན་རྩོད་ཟང་ཟིང་བཟོ་མཁན་གཉེར་སྐྱོང་པར། 《སྤྱི་བསྒྲགས》ནང་ཕྱོགས་གསུམ་ཐད་ནས་ལྟ་འདོམས་བྱེད་ཐབས་བཏོན་པ་སྟེ། གཅིག་ནས་དྲན་སྐུལ་བསླབ་འདོམས་བྱེད་པ་དང་། རིན་གོང་གི་འགྲན་རྩོད་ཟང་ཟིང་བཟོས་པའི་དོགས་གཞི་ཡོད་པའི་གཉེར་སྐྱོང་པར་དྲན་སྐུལ་བསླབ་འདོམས་བྱས་ཏེ། རང་རྟོགས་ངང་རིན་གོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་རིན་གོང་འགྲན་རྩོད་ཀྱི་མཐའ་ཚད་ནན་པོ་སྲུང་དགོས་པའི་བླང་བྱ་འདོན་རྒྱུ། གཉིས་ནས་ལྟ་འདོམས་ཁྲིམས་སྒྱུར་བྱེད་པ་དང་། དྲན་སྐུལ་དང་བསླབ་འདོམས་བྱས་རྗེས་སྔར་བཞིན་རིན་གོང་བྱ་སྤྱོད་ཚད་ལྡན་དུ་བཏང་མེད་པའི་གཉེར་སྐྱོང་པར་གཙོ་གནད་ཐོག་ལྟ་འདོམས་བྱེད་རྒྱུ། དགོས་ངེས་སྐབས་མ་གནས་བརྟག་དཔྱད་དང་རིན་གོང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་རིན་གོང་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཤེས་རྟོགས་བྱུང་ཚེ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ། གསུམ་ནས་ཡིད་རྟོན་མེད་རིགས་ལ་ཆད་གཅོད་བསླབ་འདོམས་བྱེད་པ་དང་། ཡིད་རྟོན་གྱི་ལྟ་འདོམས་ནུས་པ་གང་ལེགས་བཏོན་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡིད་རྟོན་མེད་རིགས་ལ་ཆད་གཅོད་བསླབ་འདོམས་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།