རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་དམིགས་བཙུགས་སྨན་རྫས་ཚོང་ཁང་གི་སྨན་རྫས་ཀྱི་རིན་གོང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། དམིགས་བཙུགས་སྨན་རྫས་ཚོང་ཁང་ཁག་གཅིག་གིས་སྨན་བཅོས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་མེད་པའི་ནད་པར་རིན་གོང་མི་གཅིག་པ་ལེན་པའི་བྱེད་སྤྱོད་ལ་དམིགས་ནས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་དམིགས་བཙུགས་སྨན་རྫས་ཚོང་ཁང་ལ་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་དྲང་སྙོམས་མེད་པ་དང་མཐོང་ཆུང་རང་བཞིན་གྱི་རིན་གོང་ལེན་མི་རུང་བ་དང་། འགན་བཅོལ་ནང་ཞུགས་མེད་པ་ལས་མཐོ་བའི་རིན་གོང་ཐོག་ནས་སྨན་རྫས་བཙོངས་མི་ཆོག་པའི་བླང་བྱ་བཏོན་ཡོད།
གོང་གསལ་ནི་གསར་འགོད་པར་ཚེས་11ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བ་ཞིག་རེད། 《དམིགས་བཙུགས་སྨན་རྫས་སིལ་འཚོང་ཁང་གིས་སྨན་རྫས་ཀྱི་རིན་གོང་མི་གཅིག་པ་ལེན་པར་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་གཞུང་ལས་ཁང་གི་བརྡ་ཐོའི》ནང་། དམིགས་བཙུགས་སྨན་རྫས་ཚོང་ཁང་གིས་འགན་བཅོལ་ནང་ཞུགས་མཁན་ནད་པར་རིན་གོང་མཐོ་པོས་སྨན་རྫས་བཙོངས་ནས་ཁེ་བཟང་ཟ་བའི་བྱེད་སྤྱོད་དེ་རིན་གོང་གཡོ་བསླུའི་དོགས་པ་ཡོད་པ་དང་དུས་མཚུངས་དམིགས་བཙུགས་སྨན་རྫས་ཚོང་ཁང་གི་སྨན་བཅོས་འགན་བཅོལ་ཞབས་ཞུའི་གྲོས་མཐུན་ནང་འཁོད་པའི“སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་དྲང་སྙོམས་མེད་པ་དང་མཐོང་ཆུང་རང་བཞིན་གྱི་རིན་གོང་ལེན་མི་ཆོག་པའི”དོ་དམ་གྱི་བླང་བྱ་དང་ཡང་འགལ་བས། ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་དགོས་པ་གསལ་པོར་བཏོན་ཡོད།
དམིགས་བཙུགས་སྨན་རྫས་ཚོང་ཁང་གིས་སྨན་བཅོས་འགན་བཅོལ་ཞབས་ཞུའི་གྲོས་མཐུན་དང་འགལ་ནས་རིན་གོང་མི་གཅིག་པ་ལེན་རིགས་ལ། གནས་ཚུལ་གྱི་ཚབས་ཆེ་ཆུང་དང་སྒྱུར་བཅོས་བྱས་ཚུལ་ལ་གཞིགས་ནས་འགན་འཁུར་བ་གཙོ་བོར་སྐོང་འདྲི་དང་། སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་མཚམས་འཇོག་པ། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྲོད་དུ་མི་འཇུག་པའམ་ཡང་ན་སྤྲད་ཟིན་པ་ཚུར་ལེན་པ། སྨན་བཅོས་འགན་བཅོལ་ཞབས་ཞུའི་གྲོས་མཐུན་གནས་སྐབས་མཚམས་འཇོག་བྱེད་པའམ་ཡང་ན་ཕྱིར་འཐེན་བྱེད་པ། འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱེད་པར་རྩིས་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་ནན་པོ་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།