དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པའི་དོན་དངོས་ཀྱི་གཞི་འཛིན་ས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    བདེ་སྐྱིད་ཅེས་པ་ནི་སྤོམ་ཚིག་ཅིག་མིན་པར། དེ་ནི་རྒྱུན་གཏན་གྱི་ཟས་གོས་སྡོད་གསུམ་ནས་ཚོར་ཐུབ་ལ་དགོད་སྒྲའི་ནང་ནས་ཀྱང་ཚོར་ཐུབ། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་ཟེར་དོན་གང་ཡིན་ཞེ་ན། ད་ཆའི་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལས་ཤེས་ཐུབ། བོད་བཟོའི་སྡོད་ཁང་ནང་གི་དེང་རབས་ཅན་གྱི་འཛིན་ཆས་ནས་རྩྭ་ཐང་ཐོག་གི་སྡོད་ཁང་གསར་པའི་བར་དང་། ཕྲུ་གུ་ཚོའི་སློབ་དེབ་ནས་རྒན་རྒོན་ཚོའི་ལག་ནང་གི་སྨན་བཅོས་འགན་བཅོལ་གཱ་བར་གྱི་དངོས་དངོས་རྗེན་རྗེན་དུ་མཐོང་རྒྱུ་ཡོད་པའི་འགྱུར་ལྡོག་དེ་དག་ནི“གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པའི”དོན་དངོས་ཀྱི་མཆན་འགྲེལ་རེད།

    ད་ཆའི་བོད་དུ“འཚོ་བ་ཡག་པོ་ཞིག་སྐྱེལ་བསམ་པ”དེ་བསམ་འདུན་གཅིག་པུ་མིན་པར། གང་ས་ཅི་ཐད་ནས་མཐོང་ཐུབ་པའི་རྒྱུན་གཏན་རང་རེད། སྔོན་མ་བོད་ཀྱི་མི་སེར་ཚོས“ལག་ཏུ་དངུལ་མེད་པའི”སེམས་ཁྲལ་བྱེད་ནའང་ད་ཆ་སྔོན་མ་དང་མི་འདྲ་བར་ཡུལ་མིས་དམངས་སྲོལ་གནས་ཚང་བཙུགས་པར་ཡུལ་སྐོར་བ་མང་བའི་དུས་སུ་ཟླ་རེར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ཟིན་པ་དང་། འབྲོག་པའང་མཉམ་ལས་ཁང་ལ་ཞུགས་ནས་འབྲོག་ཟོག་བཙོང་མི་ཐུབ་པའི་སེམས་ཁྲལ་ཡེ་ནས་མེད། ད་དུང་མི་ཁག་གཅིག་གིས་བོད་རུམ་འཐག་པ་དང་ཐང་ཁ་བཞེངས་ནས་ཡོང་འབབ་མང་པོ་བྱུང་ཡོད། དངུལ་ཁུག་ནང་དངུལ་བྱུང་རྗེས་འཚོ་བ་ཡག་པོ་སྐྱེལ་བའི་རེ་འདོད་དེ་བས་ཆེ་རུ་འགྲོ་བ་དང་། ཁང་པ་ཡག་པོ་རྒྱག་པ། ཁྱིམ་ཆས་རྩེ་གྲ་ཉོ་བ། ཟས་གོས་སྤྱོད་གསུམ་ལའང་སྤུས་ཀ་ལེགས་ཉེས་ལྟ་གི་ཡོད། མི་སེར་གྱིས“ཏང་གི་སྲིད་ཇུས་བཟང་པོ་འདི་འདྲ་འདུག་པས། སྐྱིད་ཚོར་ན་དེ་ལས་ལྷག་པ་ཞིག་གང་ན་ཡོད”ཅེས་ཟེར་གྱི་ཡོད།

    ད་ཆའི་བོད་དུ“འགན་སྲུང་ཡོད”ཅེས་པ་ནི་སྟོང་གཏམ་ཞིག་མིན་པར་དངོས་སུ་དོན་ཐོག་ཏུ་འཁྱོལ་བ་ཞིག་རེད། སྔོན་མ་འབྲོག་ཁུལ་དུ་སྨན་བཅོས་ཀྱི་ཆ་རྐྱེན་དེ་ཙམ་ཡག་པོ་མེད། འོན་ཀྱང་ད་ཆ་གྲོང་ཚོར་འཕྲོད་བསྟེན་ཁང་དང་རྫོང་དུ་སྨན་ཁང་ཡོད་ལ། ད་དུང་ལྗོངས་ཕྱིའི་སྨན་པའང་རེས་མོས་ཀྱིས་བོད་སྐྱོར་ལ་ཡོང་གི་ཡོད། མངའ་རིས་ལ་ཆ་བཞག་ན། སྔོན་མ་ཤང་ཐག་རིང་ཤོས་ཀྱི་མང་ཚོགས་སྨན་པ་བསྟེན་པར་རྟ་བཞོན་ནས་ཉིན་གཉིས་འགྲོ་དགོས་མོད། ད་ལྟ་སྨན་བཅོས་རུ་ཁག་གིས་དུས་བཀག་ལྟར་སྐོར་སྐྱོད་སྨན་བཅོས་བྱས་ཏེ། སྨན་སྒམ་ཁྱེར་ནས་ཁྱིམ་དུ་བརྟག་དཔྱད་བྱེད་པ་དང་སྨན་སྐྱེལ་བར་འགྲོ་གི་ཡོད། ཕྲུ་གུ་སློབ་གྲྭར་སྐྱོད་པར་དེ་བས་སེམས་ཁྲལ་མེད། བྱིས་གསོ་ཁང་ནས་མཐོ་རིམ་སློབ་འབྲིང་བར་ཚང་མར་གཞུང་ནས་འགྲོ་སོང་་གཏོང་བ་མ་ཟད། ད་དུང་དགུང་ཟས་དང་ཉལ་ཁང་གི་རིན་པ་ཡང་གཞུང་ནས་ཐག་གཅོད་བྱེད་ཀྱི་ཡོད། ཐག་རིང་ས་ཁུལ་གྱི་ཕྲུ་གུ་སློབ་གྲྭའི་ཉལ་ཁང་དུ་སྡོད་ཆོག་པས་ཉིན་ལྟར་རི་ལམ་ཆུ་ཚོད་ཁ་ཤས་འགྲིམ་དགོས་མེད། རྒན་གསོར་ཡང་བརྟེན་ས་ཡོད་པ་སྟེ། རྒན་རྒོན་ཚོར་ཟླ་རེར་རྒན་གསོའི་དངུལ་ཡོད་པ་མ་ཟད། ལོ་གསར་དང་དུས་ཆེན་ལ་སྡེ་ཁུལ་གྱིས་འབྲས་དང་སྣུམ་སོགས་བསྐྱལ་ནས་འཚམས་འདྲི་ཞུ་གི་ཡོད་ཅིང་། ད་དུང་མི་ཧྲེང་རྒན་རྒོན་ལའང་ལྟ་རྟོག་བྱེད་མཁན་ཡོད་པས་གང་སར་སེམས་ཁྲལ་བྱེད་མི་དགོས་པ་དེ་དག་ནི་དངོས་སུ་མཐོང་བའི་བདེ་སྐྱིད་རེད།

    ད་ཆའི་བོད་དུ“མདུན་ལམ་ཡོད་པ”ནི་སྟོང་བསམ་ཞིག་མིན་པར། དེ་ནི་ཏན་ཏན་ཏིག་ཏིག་གི་ཕུགས་བསམ་ཞིག་རེད། གཞོན་ནུ་ཚོར་མདུན་ལམ་དེ་བས་མང་པོ་ཡོད་པ་སྟེ། སློབ་ཆེན་ལ་རྒྱུགས་འཕྲོད་ན་རྒྱལ་ནང་གི་སློབ་གྲྭ་ཡག་པོ་གདམ་རྒྱུ་ཡོད་པ་དང་། ལག་རྩལ་སྦྱོང་འདོད་ན་ས་གནས་དེ་གའི་བཟོ་གྲྭར་འགྲོ་ཆོག་པ། ལས་གཏོད་བྱེད་འདོད་ན་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་རྒྱུ་ཡོད། མི་མང་པོ་ཞིག་གིས་དྲ་ཐོག་ནས་ཚོང་རྒྱག་སྟངས་སྦྱངས་རྗེས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་འཚོང་བ་མ་ཟད། ད་དུང་ཡུལ་མི་ཚོར་ཡང་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡོད། རིག་གནས་འཕེལ་རྒྱས་ཀྱི་ཚ་རླབས་དེ་བས་ཆེན་པོ་འཕྱུར་བ་སྟེ། སྒྱུ་རྩལ་པ་རྒན་གྲས་ཀྱིས་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ཐང་ཁ་འབྲི་སྟངས་སློབ་ཁྲིད་བྱས་པ་དང་། ལྷ་མོ་དང་ཅིང་ཅུས་ཟློས་གར་མཉམ་འདྲེས་བྱུང་བ། 《གེ་སར》དང《སྙན་ངག་ཕྱོགས་སྒྲིག》མཉམ་འདྲེས་དམ་ཟབ་བྱུང་ཡོད། དེ་བས་དགའ་འོས་པ་ཞིག་ནི་གནམ་ཁ་སྔར་བཞིན་གཡའ་དག་ལ་ཆུ་མོ་དེ་བས་དྭངས། མང་ཚོགས་དྭངས་གཙང་མཚེའུ་ཡི་འགྲམ་དུ་འཆམ་འཆམ་དུ་བསྐྱོད་རྒྱུ་ཡོད་ལ་ཡུལ་སྐོར་བར་ཡང་རྩྭ་ཐང་ནས་རི་སྐྱེས་སྲོག་ཆགས་མང་པོ་འཕྲད་ཀྱི་ཡོད། “འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་པ་དང་ཁྱིམ་གཞིས་ཇི་ཙམ་བསྐྱངས་པ་དེ་ཙམ་གྱིས་མཛེས་པའི”བསམ་འདུན་གྲུབ་དང་འགྲུབ་བཞིན་ཡོད།

    མིག་སྔའི་བོད་དུ་ཁང་པ་དྲོ་ལ་ཐབ་ཆས་ལེགས་པ་དང་། དཔེ་ཁུག་ནང་གི་དཔེ་དེབ་གསར་ལ་ཡིག་ཆས་སྣ་ཁ་འཛོམས་པ། དངུལ་ཁུག་ནང་དངུལ་དམར་ལྗིད་ཏིག་ཏིག་ཡོད་པ། སེམས་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པ་བཅས་མི་སྨོན་རང་སྐྱིད་ཀྱི་དུས་བབ་བཟང་པོ་ཡོད། དེ་དག་ནི་གནམ་ནས་ཟགས་པ་ཞིག་མིན་པར་ཏང་གིས་བོད་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་ལས་བྱུང་བ་ཤ་སྟག་རེད། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་འཚོ་བ་མཆོད་ཆང་སྦྲང་རྩིའི་ཉིང་ཁུ་དང་འདྲ་བར་ལོ་རེ་ལས་ལོ་རེ་མ་འདས་པར་ཇེ་ཞིམ་དང་ཇེ་མངར་དུ་གྱུར་ངེས་ཡིན་པ་དོན་དངོས་ཀྱིས་སྔ་ས་ནས་ལན་གསལ་པོར་བཏབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།