པར་རིས་རྙིང་པའི་ནང་གི་ཁྱིམ་ཚང་། པར་རིས་གསར་པའི་ནང་གི་དྲོ་སྐྱིད།
ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་འགྱུར་ལྡོག་སྐོར་བཀོད་པ།
འདི་ནི་སྒྱུར་བཀོད་མ་བྱས་གོང་གི་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་གྲོང་མིའི་ཐོག་ཁང་ཡིན་པ། (པར་འདི་བཅར་འདྲི་དང་ལེན་བྱེད་མཁན་གྱིས་མཁོ་འདོན་བྱས)
འདི་ནི་2022ལོར་སྒྱུར་བཀོད་བྱས་རྗེས་ཀྱི་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་གྲོང་མིའི་ཐོག་ཁང་ཡིན་པ། (པར་འདི་བཅར་འདྲི་དང་ལེན་བྱེད་མཁན་གྱིས་མཁོ་འདོན་བྱས)
ཚོན་མདོག་སེར་པོ་ཆགས་པའི་པར་རིས་རྙིང་པ་ནས་ཤིན་ཏུ་གསལ་བའི་པར་རིས་གསར་པའི་བར། པར་རེ་རེ་ལས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ལོ་40རིང་གི་འགྱུར་ལྡོག་མངོན་བཞིན་ཡོད། 1983ལོར་བཙུགས་པའི་སྡེ་ཁུལ་རྙིང་པ་འདི་ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ལྷག་པར་དུ། ཉེ་བའི་ལོ་ལྔའི་རིང་བརྒྱུད་རིམ་ལྡན་ལ་ཕྱོགས་ཡོངས་ནས་སྒྱུར་བཀོད་བྱས་པ་བརྒྱུད། རིག་ལྡན་བདེ་སྡོད་ཀྱི་རྣམ་པ་གསར་པའི་ཐོག་ནས་དུས་རབས་ཀྱི་འགྱུར་ལྡོག་ཆེན་པོ་ཟིན་ཐོར་བཀོད་ཡོད་ལ། དམངས་འཚོ་ལེགས་སུ་ཤུགས་ཆེན་ཕྱིན་པའི་བདེན་དཔང་ཡང་བྱས་ཡོད་པ་རེད།
1983ལོར། བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་ཚེ་གང་ལེགས་སྐྱེས་འབུལ་མཁན་མི་རིགས་ཁག་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་རྣམས་བཀོད་སྒྲིག་འོས་འཚམ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སའི་ལྟེ་བའི་ཁུལ་དུ་བདེ་སྡོད་ཁུལ་ཆུང་འདི་འཆར་འགོད་ཞིབ་ཚགས་བྱས་ཡོད་པ་རེད།
སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་མཚམས་ལགས་ཀྱི་ལག་ཐོགས་ཁ་པར་ནང་ལོ་20ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་པར་རྙིང་པ་ཞིག་ཉར་ཚགས་བྱས་ཤིང་། ཁོང་གིས“རང་ཉིད་ངོ་མས་སོ་ཕག་དང་རྫ་གཡམ་རེ་རེ་དབོར་ནས‘ཁྱིམ་གཞིས’འདི་བསྐྲུན་མཁན་གྱི་རྒན་རྒོན་མང་པོ་ད་ཆ་སྔར་བཞིན་འདིར་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད་ལ། ང་རང་ཡང་འདིར་སྐྱེས་པ་ཅིང་འཚར་ལོངས་བྱུང་བ་ཞིག་ཡིན”ཞེས་བརྩེ་བ་ཟབ་མོས་ཕྱིར་དྲན་བྱེད་བཞིན་བརྗོད།
དེ་སྔ་ལྷ་སའི་གྲོང་མིའི་ཁུལ་ཆུང་སྔ་ཤོས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ལོ་མང་གི་ཆར་རླུང་བརྒྱུད་རྗེས། སྤྱི་ཡོངས་ལས“གོག་ཧྲུལ་ཆགས་པའི”རྣམ་པ་མངོན་ཞིང་། འགྲོ་ལམ་འདམ་རྫབ་ཆགས་པ་དང་། ཁང་པའི་ཐོག་དཔངས་དམའ་བ། གློག་སྐུད་བར་སྣང་དུ་ཟང་ཟིང་ཆེ་བ་བཅས་ཡོད། ཆུ་མདོང་གོང་འོག་ལོ་མང་རིང་ཉམས་གསོ་ཐུབ་མེད་པ་དང་མདོང་ལམ་ཞེང་ཁ་ཆུང་བས། ཆར་དུས་འཆར་རིམ་བཞིན་འགག་པ་དང་གས་པའི་གནས་ཚུལ་ཐོན་ནས། བཙོག་ཆུ་གང་སར་རྒྱུག་པས། སྡེ་ཁུལ་ཡོངས་ལ་སྣ་ཁུག་ཚ་ཤུར་རྒྱག་པའི་དྲི་ངན་འཐུལ་གྱི་ཡོད་པ་རེད།
རང་སྐྱོང་ལྗོངས་ཀྱིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པའི་གོ་སྐབས་དང་བསྟུན་ནས། མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱིས་དུས་ཡུན་ལོ་ལྔ་ཡི་གསར་སྒྱུར་ལས་གྲྭ(2018ལོ་ནས་2022ལོ་བར)ལག་ལེན་བསྟར་འགོ་ཚུགས་པ་རེད།
2018ལོར་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱེད་འགོ་ཚུགས་པ་ནས་2022ལོར་ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་སྡེ་ཁུལ་རིག་ལྡན་ཅན་གྱི་རྣམ་གྲངས་ལག་ལེན་བསྟར་བའི་བར། སྡེ་ཁུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། སྨི་ངོས་གྲུ་ཁྲི་8.3ཟིན་པའི་ས་རྡོའི་ལམ་ཡོངས་སུ་ཨར་འདམ་ལམ་ལ་གྱུར་པ་དང་། དེ་སྔའི་འགྲོ་ལམ་འབར་རེ་འབུར་རེ་དེ་ཡང་ད་ཆ་ཁོད་སྙོམས་ཤིང་རྒྱ་ཆེན་པོ་ཆགས་ཡོད་པས། གྲོང་མི་འགྲོ་འོང་བྱེད་སྐབས་དེ་བས་སྟབས་བདེ་རུ་ཕྱིན་ཡོད། གློག་སྐུད་ཚང་མ་ས་འོག་ཏུ་སྦས་པས་སྔོན་ཆད་བར་སྣང་དུ་གློག་སྐུད་ཟང་ཟིང་ཐེབས་པའི་སྣང་ཚུལ་རྦད་དེ་མཇུག་འགྲིལ་ནས། སྡེ་ཁུལ་གྱི་ཁོར་ཡུག་དེ་བས་གཙང་ཞིང་མཛེས་སྡུག་ལྡན་པར་གྱུར་ཡོད། ཆུ་གདོང་གསར་པ་བརྗེས་པས་དུས་ཡུན་རིང་པོའི་ནང་གྲོང་མིར་འཕྲད་པའི་ཆུ་སྤྱོད་དང་ཆུ་འབུད་ཀྱི་དཀའ་གནད་ཐག་གཅོད་ཐུབ་ཡོད། ནུས་རྒྱུ་གྲོན་ཆུང་གི་ལམ་སྒྲོན་400ལྷག་ཙམ་བསྒར་བ་བརྒྱུད་མཚན་མོའི་ཁྲོམ་གཞུང་གསལ་ལྷང་ངེར་གྱུར་ནས། གྲོང་མིའི་མཚན་མོའི་འགྲོ་སྐྱོད་ཀྱི་བདེ་འཇགས་འགན་ལེན་ཐུབ་ཡོད། སྡོད་ཁང་སྟར་པ་རྙིང་པ་59ལ་དཀར་དམར་སྤེལ་མའི་བཀྲག་རྩི་བྱུགས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་རེད།
དེ་སྔའི་ཁུལ་ཆུང“གོག་ཧྲུལ”དེ“རིག་ལྡན་བདེ་སྡོད”ཀྱི་དཔེ་མཚོན་སྡེ་ཁུལ་དུ་གྱུར་པ་ལས་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
ལོ་40ཡི་རིང་། འགྱུར་ལྡོག་ཕྱིན་པ་ནི་ཁང་པ་དང་འགྲོ་ལམ་ཡིན་ཞིང་། འགྱུར་བ་མེད་པ་ནི་ཁྱིམ་མཚེས་དབར་གྱི་བརྩེ་དུང་དེའོ། མཚམས་ལགས་ཀྱིས་པར་དེབ་ཨ་ལོག་རྒྱག་གིན་དེའི་ནང་གི་པར་ཞིག་ལ་ཞིབ་པར་བལྟས་པ་དང་། པར་འདིའི་ནང་ཨ་ཁུ་ནོར་བུ་ཆོས་གྲགས་ཀྱི་བྲང་ཁོག་ཏུ་བཏགས་པའི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”གྱི་གཟེངས་རྟགས་ལས་འོད་མདངས་རབ་ཏུ་འཚེར་བཞིན་ཡོད་པ་རེད།
ཨ་ཁུ་ནོར་བུ་ཆོས་གྲགས་ཀྱི་གཏམ་རྒྱུད་དེ་མཐུན་སྒྲིལ་གྲོང་གསར་གྱི་གྲོང་མི་ཚང་མས་ཤེས་ཤིང་། ལོ་མང་རིང“མཐུན་སྒྲིལ”ཞེས་པའི་ཡིག་འབྲུ་གཉིས་པོ་སྡེ་ཁུལ་གྱི་གྲོང་མི་ཚང་མའི་སེམས་ལ་བརྟན་པོར་ངེས་ཡོད། མཐུན་སྒྲིལ་འདི་ནི་སྡེ་ཁུལ་གསར་པ་དེའི་སྤོབས་པ་ཞིག་ཡིན་པ་མ་ཟད། གྲོང་ཁྱེར་འདིའི་སྙིང་སྟོབས་དེ་བས་ཀྱང་རེད།
འགྱུར་ལྡོག་འདི་ལོ་འགའི་གོང་གི་དྲོ་སྐྱིད་ལྡན་པའི་བཀོད་སྒྲིག་སྲིད་ཇུས་ལས་འགོ་ཚུགས་པ་དང་། རང་སྐྱོང་ལྗོངས་ཀྱིས་མི་སེར་གྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་ལོ་བཅུ་ཕྲག་རིང་མ་དངུལ་རྒྱུན་མཐུད་བཏང་བ་ལས་བྱུང་བ་ཞིག་རེད། འདས་ཟིན་པའི་ལོ་ཟླའི་ཁྲོད་བྱུང་བའི་འགྱུར་ལྡོག་དེ་དག་ལས་མི་དམངས་བདེ་སྡོད་ལས་བརྩོན་དང་སྡེ་ཁུལ་འཆམ་མཐུན་བདེ་སྐྱིད་ཀྱི་འདུན་པ་དང་རེ་བ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།