ལྗོངས་ཡོངས་ཀྱི་སྟོན་འབྲུ་བསྡུ་ཚད་བཅུ་ཆ་དགུ་ཟིན་པ།
གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་སྟོན་བསྡུའི་ལས་དོན་མཇུག་འགྲིལ་ཉེར་ཡོད་ཅིང་། ཟླ་10ཚེས་9ཉིན་བར། ལྗོངས་ཡོངས་སུ་འབྲུ་རིགས་བསྡུ་ཚད་མུའུ་ཁྲི་289.52ཟིན་པ་དེས་འབྲུ་རིགས་འདེབས་ཁྱོན་གྱི་96.26%བཟུང་བ་དང་། དེའི་ཁྲོད་ནས་མུའུ་ཁྲི་221.40ཟིན་པ་དེས་ནས་འདེབས་ཁྱོན་གྱི་93.96%བཟུང་ཡོད་པ་རེད།
“ད་ལོའི་སྟོན་བསྡུའི་ལས་དོན་ལ་བདེ་བླག་ངང་སྤེལ་ཐུབ་པ་དེ་དུས་འགོའི་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་པོ་བཏིང་པ་དང་དེ་བཞིན་འགན་སྲུང་བྱ་ཐབས་ཁག་གནད་སྨིན་དོན་འཁྱོལ་བྱས་པ་དང་ཁ་འབྲལ་ཐབས་མེད”ཅེས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་འདེབས་འཛུགས་ལས་རིགས་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་དབྱེ་ཧྲེང་གིས་བརྗོད། ཁོང་གིས་ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ཏུ་དུས་མཚམས་རང་བཞིན་གྱི་ཆར་ཞོད་ཆེ་བ་དང་ས་ཆ་ཁག་གཅིག་ལ་སེར་བ་འབབ་པ་སོགས་ཀྱི་གནམ་གཤིས་བསྟན་ཏེ་ནས་སོགས་ལོ་ཏོག་དུས་ཐོག་ཏུ་སྨིན་པར་ཤུགས་རྐྱེན་ངེས་ཅན་བཟོས་ཡོད། ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་སྔ་སྣུར་ནས་བཀོད་སྒྲིག་བྱས་ཏེ་ཞིང་ལས་ལག་རྩལ་པ་ཞིང་ནང་དང་མུ་ཁར་སྐྱོད་པར་སྒྲིག་འཛུགས་བྱས་ནས་ཞིང་པར་ལོ་ཏོག་མྱུར་བསྡུ་དང་མྱུར་སྐམ་བྱེད་པར་མཛུབ་ཁྲིད་བྱེད་པ་དང་། ཞིང་འཕྲུལ་གྱི་ནུས་པ་གང་ལེགས་བཏོན་ཏེ། སྟོན་བསྡུའི་ལས་ཕྱོད་ཆེ་རུ་ནུས་ལྡན་བཏང་བ་དང་། གནམ་གཤིས་ངན་པ་བསྟན་པ་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།