“ཕྱི་རྒྱལ་བ”ཅི་མཱ་ཡི་སེམས་ནང་གི་ཨ་ལེ་ཐའེ།
“རི་བོ་གཅིག་དང་། ཆུ་བོ་གཉིས། ཁྱིམ་མཚེས་རྒྱལ་ཁབ་གསུམ”ནི་ཤིན་ཅང་ཨ་ལེ་ཐའེ་ས་ཁུལ་གྱི་ཐུན་མིན་གྱི་ས་ཁམས་ཆགས་ཚུལ་ཡིན།
“རི་བོ་གཅིག”ནི་ཨར་ཐའེ་རི་བོ་ཡིན་པ་དང་། “ཆུ་བོ་གཉིས”ནི་རང་རྒྱལ་གྱི་འཁྱགས་རུམ་རྒྱ་མཚོ་བྱང་མར་བཞུར་བའི་ཆུ་བོ་འབའ་ཞིག་ཨེར་ཆི་སི་ཆུ་བོ་དང་ཇུན་གར་གཤོངས་སའི་སྐམ་སའི་ནང་འབབ་ཆུ་བོ་གལ་ཆེན་ཝུའུ་ལུན་ཀུའུ་ཧོ་ཆུ་བོ་གཉིས་ཡིན། “ཁྱིམ་མཚེས་རྒྱལ་ཁབ་གསུམ”ནི་ཨུ་རུ་སུ་དང་། ཧ་སག་སི་ཐན། མོང་གོལ་རྒྱལ་ཁབ་བཅས་ཡིན། ཨ་ལེ་ཐའེ་ས་ཁུལ་གྱི་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་1197ཡོད་པ་དེ་ནི་ཤིན་ཅང་གི་མཐའ་མཚམས་རིང་ཤོས་ཀྱི་ས་ཁུལ་ཞིག་རེད། “འགག་སྒོ་གཅིག་ནས་རྒྱལ་ཁབ་བཞི་སྒྲོལ་བའི”ཅི་མུའུ་ནེ་འགག་སྒོ་ནི་དར་གོས་ལམ་བུའི་བགྲོད་ལམ་བྱང་མའི་སྒོ་མོ་གལ་ཆེན་དང་རྒྱལ་སྤྱིའི་ཚོང་དོན་བགྲོད་ལམ་ཞིག་རེད།
2024ལོར་ལྷུག་རྩོམ་ཕྱོགས་བསྒྲིགས《ངའི་ཨ་ལེ་ཐའེ》གཞིར་བཟུང་བཅོས་སྒྲིག་བྱས་པའི་བརྙན་འཕྲིན་འཁྲབ་གཞུང་ལས་ཨ་ལེ་ཐའེ་རྒྱལ་ནང་ཙམ་མ་ཟད། ཨེ་ཤེ་ཡ་དབུས་མར་ཡང་སྐད་གྲགས་ཆོད་ཡོད། དེས་ན་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་དུ་དེ་གར་ཡོང་བ་དང་ཁོ་ཚོར་བསམ་ཡུལ་ལས་འདས་པའི་མྱོང་ཚོར་བྱུང་ཡོད། “མི་ཡུལ་གྱི་དག་ཞིང”དུ་འབོད་པའི་ཁཱ་ནཱ་སི་མཚོའི་ཉམས་དགའ་ཞིང་ལྟ་ན་སྡུག་པའི་མཛེས་ལྗོངས་འགར་ལྐོག་གྱུར་གྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད།
དོན་དངོས་སུ་ཨ་ལེ་ཐའེ་ཡི་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཕུན་སུམ་ཚོགས་པོས་ཕྱི་རྒྱལ་བ་མང་པོའི་ཡིད་དབང་སྔ་ས་ནས་བཀུག་ཡོད། གསར་འགོད་པས་ཨ་ལེ་ཐའེ་རུ་གཞིས་ཆགས་པའི“ཕྱི་རྒྱལ་བ”ཅི་མཱ་ལ་བཅར་འདྲི་བྱས་ནས་ཨ་ལེ་ཐའེ་ཡི་གནའ་དེང་གི་ངོ་མཚར་དང་། ད་དུང་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་མཉམ་འདྲེས། མི་ཆོས་རིག་གནས་འབྲེལ་འདྲིས་བཅས་ཀྱི་གཏམ་རྒྱུད་ལ་ཉན་པ་ཡིན།
“རྒྱལ་ཁབ་བཞི་འབྲེལ་མཚམས”སུ་ཆགས་པའི་ལོ་བརྒྱའི་འགག་སྒོ་ཞིག་ལས་ཅི་མཱ་ཨ་ལེ་ཐའེ་རུ་གཞིས་ཆགས་པ།
མཚན་མོར་སླེབས་སྐབས། ཨ་ལེ་ཐའེ་ས་ཁུལ་དུ་གནས་པའི་པེ་ཐུན་གྲོང་ཁྱེར་གྱི“ཧྲ་ཧྲི་ལེ་ཁེ”ཤ་སྲེག་ཟ་ཁང་གི་སྲེག་ཐབ་ཏུ་བསྲེགས་པའི་ལུག་ཤའི་དྲི་ཞིམ་གང་སར་འཐུལ་བཞིན་ཡོད།
“ཡར་ཕེབས། ང་ཚོའི་ཤ་སྲེག་གི་བྲོ་བ་གཟིགས་དང”སྣ་གདོང་བཟང་ལ་མིག་སྦུབས་སུ་ལྷུང་བའི་སྐྱེས་པ་ཞིག་གིས་རྒྱ་སྐད་དེ་ཙམ་བདེ་པོ་མེད་པའི་ཐོག་ནས་སྐུ་མགྲོན་ལ་སེམས་རྩ་འཁོལ་པོས་འཚམས་འདྲི་ཞུས། ཁོང་གི་མིང་ལ་ཕེར་ཚའེ་ཧྥུའུ·ཅི་མོ་ཧྥེ·ཉི་ཀུའུ་ལ་ཡེ་ཝེ་ཆི་ཟེར་བ་དང་ཧ་སག་སི་ཐན་ནས་ཡོང་བ་ཞིག་རེད། རྒྱུན་དུ་ཚང་མས་ཁོང་ལ་ཅི་མཱ་ཞེས་འབོད་པར་གོམས་ཡོད། ཤ་སྲེག་ཟ་ཁང་དེ་ཅི་མཱ་དང་ཁོང་གི་ཀྲུང་གོའི་བཟའ་ཟླ་ཀོན་ཤིན་ལན་གྱིས་མཉམ་དུ་གཉེར་བ་ཞིག་རེད།
ཁོ་ཚོའི་གཏམ་རྒྱུད་ནི་ཅི་མུའུ་ནེ་འགག་སྒོ་ནས་གླེང་ན་ཆོག ཅི་མུའུ་ནེ་འགག་སྒོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་མཐའ་མཚམས་འགག་སྒོ་ཞིག་ཡིན་ལ། ཀྲུང་གོ་དང་། ཧ་སག་སི་ཐན། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་རྒྱལ་ཁབ་བཞི་འབྲེལ་མཚམས་སུ་གནས་པས། རང་རྒྱལ་དང་ཧ་སག་སི་ཐན་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་རྒྱལ་ཁབ་གསུམ་དབར་རྒྱལ་སྤྱིའི་ཚོང་དོན་གཉེར་བའི་བགྲོད་ལམ་སྟབས་བདེ་ཤོས་ཀྱི་གྲས་ཤིག་ཡིན་ལ། ལོ་ངོ་100ལྷག་ཙམ་གྱི་ཉོ་ཚོང་ལོ་རྒྱུས་ཀྱང་ལྡན་ཡོད། ལོ་30ལྷག་ཙམ་གྱི་གོང་ཅི་མུའུ་ནེ་འགག་སྒོ་སླར་ཡང་སྒོ་ཕྱེ་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐྱེལ་འདྲེན་ལས་འབོར་ཆེ་བས། ཀོན་ཤིན་ལན་གྱིས་ཚོང་ལས་ཀྱི་གོ་སྐབས་མཐོང་ནས་2005ལོར་ཉེ་འགྲམ་དུ་ཟ་ཁང་ཆུང་ཆུང་དེ་གཉེར་བ་རེད།
ཅི་མཱ་ནི་སེམས་རྩ་འཁོལ་བའི་མི་ཞིག་ཡིན་པས། ཀོན་ཤིན་ལན་ལ་ངང་རྒྱུད་རིང་པོས་ཨུ་རུ་སུའི་སྐད་བསླབ་པ་མ་ཟད། ད་དུང་ཁོ་མོར་ཧ་སག་སི་ཐན་གྱི་ཁྱད་ལྡན་ཞིམ་ཟས་ཁྱེར་ཡོང་བས། དེ་ལྟར་བརྩེ་དུང་གི་མདུད་པ་ཐེབས། 2009ལོར་ཁོང་གཉིས་གཉེན་སྒྲིག་བྱས་པ་དང་ཅི་མཱས་ཀྱང་བཟའ་ཟླའི་ཆེད་དུ་ཀྲུང་གོར་བསྡད་དེ་ཟ་ཁང་ཞིག་གཉེར་རྒྱུའི་ཐག་བཅད།
ཉེ་བའི་ལོ་ཤས་རིང་། ཅི་མུའུ་ནེ་འགག་སྒོའི་འགག་སྒྲོལ་ལས་ཕྱོད་སྔར་བས་ཆེ་རུ་སོང་ནས་ཀྲུང་ཧ་རྒྱལ་ཁབ་གཉིས་དབར་ཕན་ཚུན་ཐོངས་མཆན་མི་དགོས་པའི་གྲོས་མཐུན་དངོས་སུ་དོན་འཁྱོལ་ཐུབ་པས། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་དེ་བས་སྟབས་བདེ་བྱུང་ཡོད། ཅི་མུའུ་ནེ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། འགག་སྒོ་འདི་ནས་རྒྱལ་མཚམས་འཛུལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་4.4ཟིན་པ་དང་དེའི་ཁྲོད་ཀྱི་མང་ཆེ་བ་ནི་གངས་འཁྱགས་ཡུལ་སྐོར་དང་། རིག་གནས་ཞིབ་སློབ། རྒྱལ་སྒྲོལ་སྨན་བཅོས་བཅས་ཀྱི་ཕྱི་རྒྱལ་བ་ཡིན་པ་རེད།
གནའ་མིའི་གངས་ཤུད་རྔོན་རྒྱག་གི་རྗེས་ཤུལ་ལས་ཀྲུང་ཕྱིའི་གངས་ཤུད་རིག་གནས་མཉམ་དུ་སྦྲེལ་བ།
“ངའི་ཕ་ཡུལ་དང་ཨ་ལེ་ཐའེ་གཉིས་རི་ཆུ་འབྲེལ་ཡོད”ཅེས་ཅི་མཱ་ཡིས་རྒྱུན་དུ་ཤོད་ཀྱི་ཡོད། ཁོང་ནི་ཧ་སག་སི་ཐན་གྱི་ཨ་པའེ་ཀྲོའུ་སའེ་མེ་དབྱི་གྲོང་ཁྱེར་ཏེ། ཧ་སག་སི་ཐན་དང་ཨུ་རུ་སུའི་མཐའ་མཚམས་སུ་གནས་པའི་གྲོང་ཁྱེར་ནས་ཡོང་བ་དང་དེ་ཨར་ཐའེ་རི་འདབས་དང་ཨེར་ཆི་སིའི་མཚོ་ངོགས་སུ་ཆགས་ཡོད།
ཅི་མཱ་ཡིས“སའེ་མེ་དབྱི་གྲོང་ཁྱེར་དང་ཨ་ལེ་ཐའེ་གཉིས་ཀྱི་གནམ་གཤིས་འདྲ་པོ་ཡོད”དགུན་དུས་ཁ་བ་ལྷབ་ལྷུབ་ཏུ་བབས་ནས་པུས་མོ་བར་སླེབས་ཀྱི་ཡོད་ཅེས་བཤད། ཁོང་གི་དྲན་འཆར་ནང་གངས་བབས་ཚེ་སྤྲོ་སྣང་དང་བདེ་སྐྱིད་ཡོང་གི་ཡོད་པས། དགུན་དུས་ཀྱི་ཨ་ལེ་ཐའེ་ཡིས་ཀྱང་ཁོང་ལ་དེ་བས་དྲོ་སྐྱིད་ལྡན་པའི་སྣང་བ་ཞིག་སྦྱིན་གྱི་ཡོད།
ཨ་ལེ་ཐའེ་རི་ཁུལ་དུ་ལོ་ལྟར་གྱི་དུས་ཚོད་ཀྱི་བཞི་ཆ་གཅིག་ཙམ་གངས་འབབ་ཀྱི་ཡོད། 2018ལོར་དེ་གར་རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས“ཀྲུང་གོའི་གངས་གྲོང”ཞེས་པའི་རྒྱལ་ཁབ་ཀྱི་གནམ་གཤིས་མཚོན་རྟགས་སྤྲད་ཡོད། ཨ་ལེ་ཐའེ་ཡི་གངས་འཁྱགས་ཐོན་ཁུངས་ཀྱི་ལྟེ་བའི་ཁུལ་ནི་བྱང་ཤར་རྒྱུད་ཀྱི་ཨར་ཐའེ་རི་རྒྱུད་དུ་གནས་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་3ལྷག་ཙམ་ཟིན་ཏེ་ཡོ་རོབ་ཀྱི་ཨར་པེ་སིའི་རི་ཁུལ་དང་ཨ་མེ་རི་ཁ་བྱང་མའི་ལུའོ་ཅི་རི་ཁུལ་སོགས་ཀྱི་གངས་འཁྱགས་ཐོན་ཁུངས་དང་གཅིག་མཚུངས་ཡིན་པས། གོ་ལ་ཧྲིལ་པོའི་གངས་ཤུད་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁུལ་ཡག་ཤོས་ཀྱི་གྲས་ཤིག་ཡིན།
རྒྱལ་ཡོངས་ཀྱི་གྲོང་ཁུལ་དང་བར་ཐག་ཉེ་ཤོས་ཀྱི་གངས་ཤུད་ར་བ་ཞིག་གིས་ཀྲུང་གོའི་གངས་ཤུད་ལུས་རྩལ་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་ལ་བདེན་དཔང་བྱས་པ།
ཅི་མཱ་ཡི་སེམས་སུ་ཨ་ལེ་ཐའེ་རི་བོའི་ཡིད་དབང་འཕྲོག་ཤོས་གྲས་སུ་དེ་གའི་ཐུན་མིན་གྱི་གནའ་བོའི་ལྤགས་པའི་གངས་ཤུད་དེའང་ཚུད་ཡོད།
“ཨར་ཐའེ་མཐའ་འཁོར་གྱི་ས་ཁོངས་ཕལ་པའི་མཉམ་ལས”ཀྱི་ལམ་སྲོལ་འོག་ཨ་ལེ་ཐའེ་ཡིས་ལོ་མང་བསྟུད་མར་ཨར་ཐའེ་རི་བོའི་མཐའ་འཁོར་གྱི་དགུན་དུས་ལུས་རྩལ་འགྲན་ཚོགས་གཉེར་ནས་ཨུ་རུ་སུ་དང་། ཧ་སག་སི་ཐན་དང་དེ་བཞིན་མོང་གོལ་རྒྱལ་ཁབ་སོགས་མཐའ་འཁོར་རྒྱལ་ཁབ་དང་ཁྱིམ་མཚེས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་གདན་ཞུ་བྱས་ཡོད། ད་ལོའི་ཟླ་བ་དང་པོའི་ལུས་རྩལ་འགྲན་ཚོགས་ལ་གནའ་བོའི་ལྤགས་པའི་གངས་ཤུད་རྣམ་གྲངས་ཆེད་མངགས་བཙུགས་པ་དང་དེའི་དམིགས་ཡུལ་ནི་དེ་གའི་གནའ་བོའི་ལྤགས་པའི་གངས་ཤུད་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་མི་དེ་བས་མང་བས“མིའི་རིགས་ཀྱི་གངས་ཤུད་དར་ཡུལ”གྱི་ཁྱད་ཆོས་ཚོར་ཐུབ་པ་བྱ་རྒྱུ་དེ་རེད།
2006ལོ་ནས་ཨ་ལེ་ཐའེ་གྲོང་ཁྱེར་གྱིས་ལོ་ལྟར་དགུན་ཁར་གནའ་བོའི་ལྤགས་པའི་གངས་ཤུད་འགྲན་བསྡུར་གཉེར་བ་དང་བདམས་ཐོན་པས་ས་གནས་དེ་གའི་ལག་བཟོས་ཐོན་རྫས“ཨ་ལེ་ཐའེ་གནའ་བོའི་ལྤགས་པའི་གངས་ཤུད་པང་ལེབ”སྤྱད་དེ་འགྲན་བསྡུར་ལ་ཞུགས་ཀྱི་ཡོད། ཨ་ལེ་ཐའེ་གྲོང་ཁྱེར་གྱིས་ད་དུང་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་པ་དང་། གཞོན་ནུ་ལོ་ཆུང་སློབ་མ། གྲོང་ཁྱེར་ཐད་སྐྱོང་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ལས་གྲུབ་པའི་གནའ་བོའི་ལྤགས་པའི་གངས་ཤུད་དཔུང་ཁག་ཅིག་བཙུགས་པར་མི་1500ཟིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཨ་ལེ་ཐའེ་ས་ཁུལ་གྱི་གངས་ཤུད་ར་བ་འཛུགས་སྐྲུན་ལ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་གཞི་ཁྱོན་ཅུང་ཆེ་བའི་གྲས་སུ་ཅང་ཅུན་ཧྲན་རི་བོའི་རྒྱལ་སྤྱིའི་གངས་ཤུད་ར་བ་དང་ཁུ་ཁུ་ཐོ་ཧའེ་རྒྱལ་སྤྱིའི་གངས་ཤུད་ར་བ་སོགས་ཡོད་པ་དང་རྫོང་ཚང་མར་ཡང་མང་ཚོགས་རང་བཞིན་དང་རོལ་རྩེད་རྣམ་པའི་གངས་ཤུད་ར་བ་ཡོད། ཉེ་ཆར་གངས་འབབ་པའི་དུས་སུ་ཨ་ལེ་ཐའེ་ས་ཁུལ་གྱིས་གངས་ཤུད་ཡུལ་སྐོར་བ་མི་ཐེངས་ཁྲི་140.8ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་23.37%འཕར་ཡོད།
ཨ་ལེ་ཐའེ་རུ་མིའི་རིགས་ཀྱི་གངས་ཤུད་ཀྱི་ལོ་རྒྱུས་ཡུན་རིང་དང་རྒྱལ་སྤྱིའི་གངས་གྲོང་གི་དར་སྲོལ་གཅིག་ཏུ་འདྲེས་ནས་ཞི་མཐུན་གྱི་རྣམ་པ་བཟང་པོ་མངོན་ཞིང་། གངས་འཁྱགས་མཚམས་སྦྱོར་དུ་བྱེད་པ་དང་རིག་གནས་བློ་སྲོག་ཏུ་བྱེད་པའི་ས་ཆ་འདིས་ཅི་མཱ་ཡི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ལ། ས་ཆ་འདིའི་སྤེལ་རེས་དང་མཉམ་འདྲེས་ཀྱི་གཏམ་རྒྱུད་ཀྱིས་མི་དེ་བས་མང་བའི་ཡིད་དབང་འཕྲོག་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།