ཤའོ་ཟླ་བས།
མངའ་རིས་ཀྱི་ལོ་ངོ་60ཡི་འཕོ་འགྱུར་ལ་བདེན་དཔང་བྱས་པ།
གནམ་ངོ་དྭངས་ཤིང་ཉི་འོད་ལམ་ལམ་དུ་འཚེར་བའི་ཟླ་བ་དགུ་པའི་ཉིན་ཞིག་གསར་འགོད་པས་གདན་ཞུས་ལྟར་རྒད་པོ་ཤའོ་ཟླ་བར་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།
ལོ་བདུན་ཅུ་ལྷག་ཙམ་ལ་ཕེབས་པའི་ཤའོ་ཟླ་བ་སྐུ་ཤ་རིད་ཙམ་ཡོད་ཀྱང་སྒབ་ཟོར་ཡང་ལ་ལོ་ཟླའི་འགྱུར་ལྡོག་གསལ་བའི་བཞིན་རས་ལས་འགྲོགས་བདེ་ལ་གཤིབ་སླ་ཞིང་བག་ཕེབས་པའི་ཉམས་སྣང་ཞིག་ངང་གིས་སྟེར་འོང་། ཁོང་གིས་གསར་འགོད་པ་ཁྱིམ་དུ་འཁྲིད་ཞོར་གྲོང་པ་ཁྱིམ་མཚེས་ཚང་མར་འཛུམ་དམུལ་དམུལ་ངང་འཚམ་འདྲི་གནང་།
“1966ལོའི་ཟླ་བ་8པ་ནས་1969ལོའི་ཟླ་བ་12པའི་བར། ང་བོད་ལྗོངས་མི་རིགས་སློབ་གླིང་དུ་སློབ་གྲྭར་ཕྱིན་པ་དང་། 1970ལོའི་ཟླ་བ་1པོ་ནས་1975ལོའི་ཟླ་བ་3པའི་བར། སྐམ་དམག་གི་དཔུང་སྡེ་ཞིག་ཏུ་དམག་སྐུལ་དང་ལེན་ཞུས་ནས་འཕྲིན་གཏོང་དམག་མི་ཞིག་བྱས་པ་ཡིན། 1975ལོའི་ཟླ་བ་4པར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྩ་འཛུགས་དྲིལ་བསྒྲགས་པུའུ་རུ་ལས་ཀར་སླེབས་རྗེས་དེ་གར་ལོ་12ཏག་ཏག་ལས་ཀ་བྱས་པ་ཡིན”ཞེས་ཤའོ་ཟླ་བས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།
སྒེར་རྩེ་རྫོང་གི་ཆ་སྙོམས་ས་བབ་སྨི་4700ཟིན་པ་དང་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་། མཁའ་རླུང་སྐམ་ཤས་ཆེ་བ། ལོ་འཁོར་མོ་ལྷགས་པ་ཚ་བ། དགུན་དུས་གྲང་ཤོས་སྐབས་སུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ལྷག་ཙམ་ཟིན་གྱི་ཡོད། དཀའ་ཚེགས་ཆེ་བའི་ཁོར་ཡུག་དེ་འདྲའི་འོག་ཏུ་དཀའ་སྤྱད་སྡུག་རུས་ཀྱིས་ལེགས་སྐྱེས་ཕུལ་བས་ཤའོ་ཟླ་བ་སྔོན་ཐོན་ལས་དོན་པ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་ཐེངས་མང་བདམས་པ་དང་། ཁོའོ་རིམ་པ་རྒན་པའི་ལས་བྱེད་པ་ཞིག་ནས་མཚོ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅིར་དམིགས་བསལ་གྱིས་བསྐོས་པས། ཕྲག་ཐོག་གི་འགན་འཁྲི་སྔར་བས་ལྕི་རུ་སོང་ཡོད།
1987ལོར་ལོ་33ལ་སླེབས་པའི་ཤའོ་ཟླ་བ་ཡིས་མཚོ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་བྱས་པ་དང་སྐབས་དེ་དུས་ཁོང་ནི་རྫོང་ཨུད་ཀྱི་ཧྲུའུ་ཅི་ལོ་ན་གཞོན་ཤོས་ཡིན་པ་རེད།
ཤའོ་ཟླ་བ་ཡིས་དྲན་གསོ་བྱེད་ཞོར་སྐབས་དེ་དུས་མཚོ་ཆེན་གྱི་ཕྲུ་གུའི་བྱིས་དུས་ཕལ་མོ་ཆེ་ལུག་ཁྱུ་དང་འགྲོགས་ནས་རྫོགས་འགྲོ་གི་ཡོད། ལྟོ་གོས་ཀྱི་ཆེད་དུ་ཁྱིམ་བདག་མང་པོ་ཞིག་གིས་ཕྲུ་གུ་ཆུང་དུས་ནས་ལུག་རྫིར་མི་གཏོང་ཀ་མེད་ལ་ཐུག་ཡོད་ཅེས་བརྗོད།
“རིག་གནས་སྦྱངས་ན་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ། སློབ་གྲྭ་ནས་ཡི་གེ་འབྲི་ཀློག་དང་རྩིས་རྒྱག་སྟངས་ཁོ་ན་ཙམ་མིན་པར་ད་དུང་ཕྲུ་གུ་ཚོ་ཕྱིར་བསྐྱོད་ཐུབ་ནས་དེ་བས་ཡངས་པའི་འཇིག་རྟེན་མཐོང་ཐུབ”ཅེས་ཤའོ་ཟླ་བ་ཡིས་རྟག་ཏུ་ཕྲུ་གུའི་ཕ་མར་དེ་ལྟར་སློབ་གསོ་རྒྱག་གི་ཡོད།
“1987ལོར་ཡུལ་དེར་ཕྲུ་གུ་སློབ་གྲྭར་གཏོང་ཚད་30%ཙམ་ཡང་ཟིན་གྱི་མེད་ཀྱང་། 1993ལོར་70%ཙམ་ལ་སླེབས་ཡོད། ད་ཆ་ཁྱིམ་ཚང་ཚང་མའི་ཕྲུ་གུ་སློབ་གྲྭར་འགྲོ་གི་ཡོད་པ་དང་ཁོང་ཚོས་ལས་སླ་པོར་ཐོབ་པ་མིན་པའི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་ཕུགས་བསམ་མངོན་འགྱུར་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད”ཅེས་བརྗོད་སྐབས་ཤའོ་ཟླ་བའི་མིག་ཟུང་ལས་དགའ་སྣང་ཞིག་མངོན་འོང་། 1995ལོར། རྩ་འཛུགས་ཀྱིས་ཤའོ་ཟླ་བ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་དུ་ལས་ཀ་བྱེད་པར་མངགས། 2001ལོའི་ཟླ་བ་དང་པོར། ཤའོ་ཟླ་བ་ཡིས་སླར་ཡང་ལས་འགན་གསར་པ་དང་དུ་བླངས་ཏེ་མི་དམངས་འཐུས་ཚོགས་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན་དུ་ལས་ཀར་བསྐྱོད།
མངའ་རིས་ས་ཁུལ་དུ་ལས་ཀ་བྱས་ནས་ལོ་40ཙམ་སོང་བའི་ཤའོ་ཟླ་བ་ད་ཆ་རྒན་ཡོལ་ཞུས་ནས་ཚེ་མཇུག་བདེ་ལ་རོལ་བཞིན་ཡོད་ལ། དེང་གི་མངའ་རིས་ཀྱང་སྔོན་མ་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། 2024ལོར། ས་ཁུལ་གོང་འོག་ཡོངས་ཀྱིས་གངས་ལྗོངས་ས་མཐོའི“ནུབ་རྒྱུད་ཀྱི་མུ་ཏིག”འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས“མ་འཇོག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལོའི”བྱ་སྤྱོད་སྤེལ་བ་དང་། གཙོ་གནད་རྣམ་གྲངས་ཁག་531ལག་ལེན་བསྟར་བ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྒོར་དུང་ཕྱུར་བརྒྱའི་འགག་སྒོ་ཆེན་པོ་ལས་སྒྲོལ་བ། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ། “ཐོན་ལས་ཆེན་པོ་དགུར”སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གདུང་བཞི་ཀ་བརྒྱད”ཧུར་ཐག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།