མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ།
ཉེ་ཆར། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་སྟེ། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ལས་གྲྭ་དེ་བསྐྲུན་རྗེས་མཚོ་སྔོན་དང་བོད་དབར་གྱི་གློག་གཏོང་ནུས་པ་ལྡབ་གཅིག་ཆེ་རུ་ཕྱིན་ནས་ཆན་ཝ་ཁྲི་120ཟིན་རྒྱུ་ཡིན་པ་དེས་བོད་ཀྱི་གློག་ཤུགས་མཁོ་སྤྲོད་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། ནུས་རྒྱུ་གཙང་མ་ཁྱབ་ཁོངས་ཆེན་པོས་བཀོད་སྒྲིག་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་རྗེས། ལས་གྲྭའི་གློག་གཏོང་ནུས་པ་ཇེ་ཆེར་སོང་ནས་དགུན་དུས་བོད་དུ་གློག་གཏོང་ཚད་ལྗོངས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་35%ཟིན་ཏེ། བོད་དུ་དགུན་ཁ་ཆུ་ཆུང་བའི་དུས་གློག་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་བོད་ཀྱི་གློག་ཤུགས་བདེ་འཇགས་དང་བློས་འཁེལ་པོས་མཁོ་སྤྲོད་འགན་ལེན་བྱེད་ཐུབ། དེ་དང་ཆབས་ཅིག ལས་གྲྭ་དེ་སྤྱོད་འགོ་ཚུགས་རྗེས་ལོ་ཧྲིལ་པོར་བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་21བར་མང་དུ་སོང་སྟེ། གློག་དྲ་ཆེ་གྲས་ཕན་ཚུན་རོགས་རམ་བྱེད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་ནས་དབྱར་དུས་བོད་ཀྱི་གློག་ཕྱིར་གཏོང་བའི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་། མཚོ་སྔོན་གློག་དྲའི་གློག་ཤུགས་མཁོ་སྤྲོད་དང་བོད་ཀྱི་ནུས་རྒྱུ་གཙང་མ་འདྲེན་སྤྱོད་ཀྱི་དགོས་མཁོ་བསྐངས་ནས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བར་སྐུལ་སྤེལ་ཐུབ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཐད་རྒྱུག་གི་དྲ་སྦྲེལ་ལས་གྲྭ་ནི་བོད་དུ་བསྐྲུན་པའི“གློག་ཤུགས་མཁའ་ལམ”དང་པོ་དེ་ཡིན་ལ། ཆུ་མང་དུས་ཀྱི“བོད་གློག་ཕྱིར་གཏོང”དང་ཆུ་ཆུང་དུས་ཀྱི“ཕྱི་གློག་བོད་གཏོང”གི་ཐད་རྒྱུག་གློག་གཏོང་གི་ཐོགས་མེད་བགྲོད་ལམ་ཞིག་ཀྱང་ཡིན་ཞིང་། དུས་ཐེངས་དང་པོའི་ལས་གྲྭ་དེ་2011ལོར་སྤྱོད་འགོ་ཚུགས་པ་རེད།
འབྲེལ་ཡོད་གསར་འགྱུར།