སྐད་གྲགས་མེད་པར་དྲོ་སྐྱིད་སྦྱིན། ཕུགས་འདུན་བཟང་པོ་དོན་དུ་གཉེར།
——བོད་ལྗོངས་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་སྐོར་གྱི་མཐོང་མྱོང་།
ལྷ་སའི་གྲོང་ནུབ་ཏུ་ཡོད་པའི་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས་སུ་སྔོ་ལྗང་སྤང་དང་ལྗོན་ཤིང་གིས་བརྒྱན་པའི་སྒོ་རའི་དབུས་ནས་འཆམ་འཆམ་དུ་འགྲོ་སའི་ལམ་བུ་ཤར་རེར་བཏིང་ཡོད།
ལོ་56ལ་སླེབས་པའི་ལྷ་མོ་སྒོ་རའི་ནང་འཆམ་འཆམ་བྱེད་བཞིན་འདུག ཉིན་ལྟར་ཞོགས་པར་ནད་སྐྱོང་བས་ཁོང་ལ་ལག་བརྡ་བྱས་ནས“ཞོགས་པ་བདེ་ལེགས”ཟེར་གྱི་ཡོད། དེ་ནི་གསོ་བཅོལ་ལྟེ་གནས་ཀྱི་སྒྲ་མེད་པའི་ཞོགས་པའི་འཚམས་འདྲི་བྱེད་སྟངས་ཤིག་རེད།
2021ལོར་སྤྱོད་འགོ་ཚུགས་པའི་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས་སུ་ད་ཆ་གསོ་བཅོལ་ཉལ་ཁྲི་82དང་གསོ་བཅོལ་བྱ་ཡུལ་དབང་པོ་སྐྱོན་ཅན་75ཡོད་པ་དང་། མི་49ལས་གྲུབ་པའི་ཆེད་ལས་གསོ་བཅོལ་ཞབས་ཞུ་ཚོགས་པ་བཀོད་སྒྲིག་བྱས་ནས་བོད་ཀྱི་དབང་པོ་སྐྱོན་ཅན་ཚབས་ཆེ་བར་ཆུ་ཚོད་24ཡི་ཉིན་གང་ལམ་ལུགས་ཀྱི་གཅིག་སྡུད་ཞག་སྡོད་གསོ་བཅོལ་ཞབས་ཞུ་དང་ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོའི་གཅེས་སྐྱོང་ཞབས་ཞུ་སྒྲུབ་ཀྱི་ཡོད།
ལྷ་མོ་རྣ་ཅོག་གིས་མི་གོ་ལ་སྐད་ཆ་ཡང་ཤོད་མི་ཐུབ་སྟབས། སྐད་སྒྲ་མེད་པའི་འཇིག་རྟེན་ཞིག་ཏུ་རྦད་དེ་འཚོ་གནས་བྱེད་ཀྱི་ཡོད་པ་མ་ཟད། བུ་ཕྲུག་མེད་ལ་གཅུང་མོས་ཀྱང་ལྟ་རྟོག་བྱེད་མི་ཐུབ་པས་2023ལོར་དེ་གར་བསྐྱལ་བ་རེད།
བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་བ་ལྔ་པའི་ཟླ་སྟོད་བར། བོད་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལྟ་འདོམས་བྱེད་ཁོངས་ཡིན་པའི་ཞག་སྡོད་ལམ་ལུགས་ཀྱི་གསོ་བཅོལ་ཞབས་ཞུའི་སྒྲིག་གཞིར་ཁྱོན་བསྡོམས་ཉལ་ཁྲི་393བཀོད་སྒྲིག་བྱས་ཡོད།
བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་གཞིས་སུ་ཐང་ཁ་བཞེངས་ས་ནས་ཚོན་རྫས་ཀྱི་དྲི་ཞིམ་དང་ལག་ཤེས་བཟོ་ཁང་ནས་ཤིང་ཤུན་གྱི་དྲི་ཞིམ་ལམ་ལམ་དུ་འཐུལ་འོང་བ་དང་། སྒྲོམ་སྟེགས་སུ་རྟ་སྒྲོ་དང་། ལྷ་མོའི་ཞལ་འབག ཕྱེ་མར་འབོ་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་བསྒྲིགས་ཡོད་པ་དེ་དག་ཚང་མ་དབང་པོ་སྐྱོན་ཅན་ཚོའི་ལག་ནས་ཐོན་པ་ཤ་སྟག་རེད།
བོད་ལྗོངས་དབང་པོ་སྐྱོན་ཅན་ཁྱིམ་གཞིས་ཀྱི་འགན་འཁུར་བ་ཇོ་ལེགས་ཀྱིས། དབང་པོ་སྐྱོན་ཅན་ཁྱིམ་གཞིས་ཀྱིས་ཇ་ཁང་གཉེར་སྐྱོང་དང་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཚབ་འཚོང་ལས་སྒོ་གཙོ་བོར་བྱས་ནས་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད། རྣམ་གྲངས་དེས་ད་དུང་རིག་ནུས་ཐོགས་མེད་ཐབ་ཚང་དང་འདེགས་འབེབས་རྣམ་པའི་གཟུགས་པོ་བཀྲུ་ཆས་བསྒར་ནས་ལས་ཀའི་ཁོར་ཡུག་ལེགས་སུ་བཏང་བ་བརྒྱུད། དབང་པོ་སྐྱོན་ཅན་སྤྱི་ཚོགས་འཚོ་བའི་ནང་ཞུགས་ཐུབ་པ་དང་འབྲེལ། རང་ཉིད་ཀྱི་རིན་ཐང་ཡང་མངོན་ཐུབ་པ་བྱུང་ཡོད།
ལོ་40ལྷག་ཙམ་ལ་སླེབས་པའི་ཡེ་ཤེས་ཀྱི་རྐང་པར་སྐྱོན་ཚབས་ཆེན་ཡོད་པས་འགྲོ་སྐྱོད་སྟབས་བདེ་མེད། ཁོང་གིས“རིག་ནུས་ཐོགས་མེད་ཐབ་ཚང་ཡོད་ཙང་ངས་ཇ་ཁང་དུ་མ་བྱན་བྱས་ནས་ཚང་མར་ཁ་ལག་བཟོ་ཡི་ཡོད”ཅེས་བཤད་པ་དང་། མིག་སྔར་ཡེ་ཤེས་ལ་ཟླ་རེར་ཆ་སྙོམས་གླ་ཕོགས་སྒོར་5000ཙམ་ལེན་རྒྱུ་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
འདི་ལོའི་ཟླ་5ཚེས་30ཉིན། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་གཞིས་ལྷ་སར་སྒོ་བྱང་བཀལ་བ་རེད། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཙུགས་པའི་རང་རོགས་དང་རོགས་རེས་རྣམ་པའི་ལས་སྟེགས་འདིས་དབང་པོ་སྐྱོན་ཅན་ལ་དྲག་སྐྱེད་དང་། ལས་རིགས་གསོ་སྦྱོང་། ལས་གནས་འོས་སྦྱོར་སོགས་ཀྱི་ཞབས་ཞུ་བསྒྲུབས་ནས་དབང་པོ་སྐྱོན་ཅན་ཚོགས་སྤྱིར་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་པའི་ལམ་བུ་ཞིག་བཏོད་ཡོད།
ཇོ་ལེགས་ཀྱིས“ང་རང་དེ་སྔོན་ལས་ཀ་འཚོལ་སྐབས་དཀའ་ངལ་མང་པོ་འཕྲད་པས་ད་ཆ་དབང་པོ་སྐྱོན་ཅན་དེ་བས་མང་བར་ལས་ཞུགས་ཀྱི་དཀའ་གནད་སེལ་རོགས་བྱེད་འདོད་འདུག”ཅེས་བཤད། ཇོ་ལེགས་ནི་ལས་གཏོད་པ་དམིགས་བསལ་ཞིག་ཡིན་ཞིང་། 2009ལོར་སློབ་ཆེན་ལོ་རིམ་དང་པོ་འགྲིམ་བཞིན་པའི་ཁོང་ཐོལ་བྱུང་གི་གནས་ཚུལ་ཞིག་གིས་རྐྱེན་པས་རྐུབ་སྟེགས་འཁོར་ལོ་ཅན་ལ་མི་སྡོད་ཀ་མེད་དུ་གྱུར། དེ་ནས་ནང་མིའི་རྒྱབ་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་རམ་འོག་ཁོང་གི་ཀུང་སི་དེ་2012ལོར་ཕྱེ་མར་འབོ་བཟོ་ཁང་ཆུང་ངུ་ཞིག་ནས་ད་ཆའི་ལས་མི་52ཡོད་པའི་མཉམ་ལས་ཁང་དུ་འཕེལ་རྒྱས་བྱུང་ཡོད། དེའི་ནང་ལས་མི་33དབང་པོ་སྐྱོན་ཅན་རེད། དེ་ལྟར་ཁོང་ཡང་བོད་ལྗོངས་དབང་པོ་སྐྱོན་ཅན་ཁྱིམ་གཞིས་ཀྱི་འགན་འཁུར་བར་གྱུར།
“ཐོག་མར་ལས་གཏོད་རོགས་དངུལ་སྒོར་ཁྲི་8.5རག་པ་ནས་ད་ཆ་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་དོན་རོགས་དངུལ་སྒོར་ཁྲི་80ལྷག་ཙམ་རག་པའི་བར་སྤྱི་ཚོགས་ལས་རིགས་ཁག་གི་བསྟུན་མཁས་དང་སྐུལ་འདེབས་ལས། ང་ཚོའི་ཕུགས་འདུན་དོན་གཉེར་བྱེད་པའི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང”ཞེས་ཇོ་ལེགས་ཀྱིས་བཤད།
འབྲེལ་ཡོད་གསར་འགྱུར།