དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རྒྱས་ཆེད་བསམ་ཕྱོགས་གསར་པ་བཏོན་ཡོད”

    ཨེ་ཅིབ་ཀྱི་པེ་ཉི་སུའུ་ཝེ་ཧྥུའུ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ཞི་ལེ་སྨི་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲེན་ཞའོ་ཞའོ།   |     སྤེལ་དུས།  2025-10-11

    “ཀྲུང་གོས་དར་སྤེལ་དང་སྣེ་ཁྲིད་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཕན་ཚུན་བརྩི་འཇོག་དང་རོགས་ཟླའི་འབྲེལ་བ་རྨང་གཞིར་བྱས་པའི་ཤེས་དཔལ་གྱི་མཉམ་ལས་བྱེད་སྟངས་ཤིག་མངོན་པར་བྱས་ཡོད། དེ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་སྔར་བས་ཕན་ཚུན་སྦྲེལ་མཐུད་ཀྱི་ལས་དབང་གཅིག་མཐུན་ཚོགས་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད”ཅེས་ཨེ་ཅིབ་ཀྱི་པེ་ཉི་སུའུ་ཝེ་ཧྥུའུ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ནཱ་ཏི་ཡ·ཞི་ལེ་སྨི་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་ཅིང་། ཁོང་གིས། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན་གཞི་ཁྱོན་ཆེ་ཤོས་ཀྱི་དབུ་ཚོགས་ཤིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡིད་དབང་འགུག་ཤུགས་ཆེན་པོ་དང་ཀྲུང་གོའི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་ཤུགས་རྐྱེན་ཐེབས་ནུས་མཚོན་ཡོད་ཅེས་བརྗོད།

    ནཱ་ཏི་ཡ་ཡིས། ད་རེས་ཀྱི་དབུ་ཚོགས་ནི་ཉམས་ཉེན་མང་པོའི་རྒྱབ་ལྗོངས་འོག་འཚོགས་པ་དང་། དེ་བདེ་བླག་ངང་འཚོགས་པ་ལས་འགྲན་སློང་གི་མདུན་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ལྟ་རེས་སྐྱོང་རེས་དང་དུས་ངལ་མཉམ་སེལ་བྱེད་པའི་བློ་སྟོབས་བརྟན་པོ་མངོན་ཡོད། ལོ་མང་པོའི་རིང་། བདེ་འཇགས་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི”གྲོས་རིམ་གལ་ཆེན་ཡིན། མིག་སྔའི་ཡོ་ལང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས། ས་ཁུལ་གྱི་བརྟན་ལྷིང་དང་དར་རྒྱས་སྲུང་སྐྱོང་བྱ་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བརྗོད།

    ད་ཆ་རྒྱལ་ཁབ་མང་པོས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི”ནང་ཞུགས་རྒྱུའི་རེ་ཞུ་བྱས་པས། ཚང་མས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡངས་པའི་ངོས་འཛིན་བྱེད་ཀྱི་ཡོད། ནཱ་ཏི་ཡ་ཡིས་བལྟས་ན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡིད་དབང་འགུག་ཤུགས་ཆེན་པོ་ནི་རྩ་འཛུགས་དེས“ཧྲང་ཧའེ་ཡི་སྙིང་སྟོབས”ལྟེ་བར་བྱེད་པ་དང་འཇམ་འཐབ་ཀྱི་བསམ་གཞིགས་ལས་བརྒལ་བའི་སྔོན་ཐོན་འདུ་ཤེས་དར་སྤེལ་དང་ལག་བསྟར་ཧུར་ཐག་ལས་བྱུང་ཡོད། ཁོངས་མིའི་རྒྱལ་ཁབ་དག་གིས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་ཟླ་བྱེད་པ་ལས་མནའ་འབྲེལ་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་གི་ཡོད། “‘ཧྲང་ཧའེ་ཡི་སྙིང་སྟོབས’ཀྱིས་གཞན་འབུད་རང་བཞིན་དང་བཙན་དབང་རིང་ལུགས་དོར་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་རྒྱུར་གཞོལ་ཏེ་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རྒྱས་ལ་བསམ་ཕྱོགས་གསར་པ་བཏོན་ཡོད”ཅེས་ནཱ་ཏི་ཡ་ཡིས་བརྗོད།

    ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨེ་ཅིབ་ཀྱིས་གྲངས་འཛིན་དཔལ་འབྱོར་དང་། འབྱུང་འཕྲོད་ནུས་རྒྱུ། འཕྲོད་བསྟེན། སློབ་གསོ། ལས་རིགས་གསོ་སྦྱོང་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་དམ་ཟབ་བྱས་ཡོད། ནཱ་ཏི་ཡ་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཨེ་ཅིབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ནས་ཨེ་ཅིབ་དང་ཀྲུང་གོ་ཕྱོགས་གཉིས་པོའི་འབྲེལ་བར་ཤུགས་སྣོན་རྒྱག་པར་དེ་བས་རྒྱ་ཁྱབ་ཀྱི་འཐབ་ཇུས་སྒྲོམ་གཞི་མཁོ་འདོན་བྱས་ཡོད། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྒྲོམ་གཞིའི་ནང་གི་ཨེ་ཅིབ་དང་ཀྲུང་གོའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་རབས་གསར་པར་ཕྱོགས་པའི་ཨེ་ཅིབ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་ཚད་ཕྱོགས་སུ་རྒྱུན་མཐུད་མདུན་སྐྱོད་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཤུགས་རྐྱེན་ཐེབས་ནུས་གལ་ཆེན་ལྡན་པའི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཡིན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དྲང་སྙོམས་སྣེ་མང་ཅན་དང་བསྟུན་མཁས་རང་བཞིན་གྱི་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད”ཅེས་ནཱ་ཏི་ཡ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།