ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད།
ཆན་མེན་ཅན།
ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁའེ་ལེ-ཙུའུ་ཐེར་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་སུའེ་ཙེར་ནི་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བའི་རྒྱལ་ཁབ་མཛའ་མཐུན་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་75སོང་རིང་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས“འདྲ་མཉམ་དང་། གསར་གཏོད། གཉིས་ཕན”བཅས་ཀྱི་ཀྲུང་སུའེ་མཉམ་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་པས་ཕྱོགས་གཉིས་དང་ཕྱོགས་མང་གི་ཁྱབ་ཁོངས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་ནས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
ཀྲུང་སུའེ་འབྲེལ་བ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཡོའི་འབྲེལ་བའི་མདུན་གྲལ་དུ་སླེབས་ནས“ཨང་དང་པོ”མང་པོ་བཏོད་ཡོད། 1980ལོར་སུའེ་ཙེར་གྱི་ཁེ་ལས་ཤུན་ཏ་ཡིས་ཀྲུང་གོར་ཀྲུང་གོའི་བཟོ་ལས་རང་བཞིན་གྱི་མ་རྩ་མཉམ་འཇོག་གི་ཁེ་ལས་དང་པོ་བཙུགས་པ་དང་། 2013ལོར་སུའེ་ཙེར་འདི་ཉིད་ཀྲུང་གོ་དང་རང་མོས་ཚོང་དོན་ཆོད་ཡིག་ལ་མིང་རྟགས་འགོད་མཁན་གྱི་ཡོ་རོབ་སྐམ་ས་ཆེན་པོའི་རྒྱལ་ཁབ་དང་པོར་གྱུར་ཡོད། 2016ལོར་ཀྲུང་སུའེ་དབར་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནི་ཀྲུང་གོས་ཕྱི་རྒྱལ་དང་གསར་གཏོད་མཚོན་རྟགས་སུ་བྱས་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་ཐེངས་དང་པོ་དེ་རེད། 2017ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་ནས་ཀྲུང་སུའེ་འབྲེལ་བ་སྔར་བས་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་སུའེ་ཕྱོགས་གཉིས་ཀྱི་མཐོ་རིམ་དབར་འགྲོ་འོང་བྱེད་ཚད་མང་དུ་ཕྱིན་པ་མ་ཟད། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་བརྟན་དུ་དང་ཁྱབ་ཁོངས་ཁག་དང་རིམ་ཁག་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་ཚད་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ནས་ཀྲུང་སུའེ་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་དུ་སླེབས་ཡོད།
གཉིས་ཁེ་གཉིས་ཕན་ནི་ཀྲུང་སུའེ་ཡི་སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། ཕྱི་འབྲེལ་བཙུགས་མ་ཐག་པའི་སྐབས་ཀྲུང་སུའེ་ཚོང་དོན་དངུལ་འབོར་ཨ་སྒོར་ཁྲི་600ཙམ་ལས་ཟིན་གྱི་མེད། ད་ཆ་ཀྲུང་སུའེ་ཡི་དཔལ་འབྱོར་ཚོང་དོན་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། སུའེ་ཙེར་གྱི་ཀུང་སི་ཆིག་སྟོང་ལྷག་ཙམ་ཀྲུང་གོའི་ཁྲོམ་རར་ཞུགས་ནས་རིམ་རྩིས་བརྒྱབ་ན་ཀྲུང་གོར་མ་འཇོག་བྱས་པའི་རྣམ་གྲངས་2500ལྷག་ཙམ་ཟིན་པ་དང་དངོས་སུ་མ་འཇོག་བྱས་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་110ལས་བརྒལ་ཡོད། ཀྲུང་གོ་ལོ་11བསྟུད་མར་སུའེ་ཙེར་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་གསུམ་པར་གྱུར་པ་དང་། 2024ལོར་རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་627.8ཟིན་ནས་ཟིན་ཐོ་གསར་པ་བཏོད་ཡོད། མིག་སྔར། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སུའེ་ཙེར་གྱི་དཔལ་འབྱོར་ལས་རིགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡོངས་ཁྱབ་ཏུ་ལྟ་སྟངས་ཡག་པོ་བཟུང་ནས་ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ཁེ་སྤོགས་མཉམ་སྤྱོད་བྱེད་པར་རེ་སྒུག་བྱེད་ཀྱི་ཡོད།
དམངས་སེམས་གཅིག་ཏུ་སྦྲེལ་བ་ནི་ཀྲུང་སུའེ་ཡི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྨང་གཞི་བརྟན་པོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། མིག་སྔར། སུའེ་ཙེར་གྱི་མཐོ་སློབ་10ལྷག་ཙམ་གྱིས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་སྟོང་ཕྲག་ཁ་ཤས་ཀྱིས་སུའེ་ཙེར་དུ་ཟབ་སྦྱོང་བྱེད་བཞིན་ཡོད། 2024ལོར་ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ལག་བསྟར་བྱས་པར་སུའེ་ཙེར་གྱི་དམངས་ཚོགས་ཀྲུང་གོར་ཡོང་བའི་སྤྲོ་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། 2025ལོ་ནི“ཀྲུང་སུའེ་རིག་གནས་དང་ཡུལ་སྐོར་ལོ”ཡིན་པ་དང་པོར་ཉི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་ནས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལས་སྟེགས་གསར་པ་བསྐྲུན་ཡོད། ཕྱོགས་གཉིས་པོས་རོལ་དབྱངས་དང་། སྒྱུ་རྩལ། རིག་གནས་དང་ཡུལ་སྐོར་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཉེར་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་བྱེད་པར་སྔར་བས་སྐུལ་འདེད་བཏང་ནས་ཀྲུང་སུའེ་མི་ཆོས་རིག་གནས་ཀྱི་མཛའ་གྲོགས་འབྲེལ་ཟམ་བརྟན་དུ་བཏང་ཡོད།
(རྩོམ་པ་པོ་ནི་སུའེ་ཙེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།