བོད་ལྗོངས་ཀྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་5500ལྷག་ཙམ་སྒྱུར་བཀོད་རིམ་སྤོར་བྱས་པ།
ཞོགས་པར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་དུ། ལོ་60ལ་སླེབས་པའི་ཏང་ཡོན་རྒན་གྲས་བཀྲ་ཤིས་ཚེ་རིང་གིས་ཏང་རྟགས་བཏགས་ནས་རང་ཁྱིམ་དང་ཐག་མི་རིང་བའི་གཉིས་བཀུར་ལམ་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་བསྐྱོད།
“ཁྱིམ་ཚང་གཅིག་གི་ཚ་མོར་རྒྱ་ཡིག་གི་ཚིག་མཛོད་ཅིག་མཁོ་ཡི་འདུག ངས་ཁས་བླངས་པ་ཡིན”ཞེས་ཞབས་ཞུ་ལྟེ་གནས་སུ་འཛུལ་མ་ཐག་བཀྲ་ཤིས་ཚེ་རིང་གིས་བསམ་འདུན་མཚོན་པའི་ཤོག་ལྷེ་ཆུང་ཆུང་ཞིག་བཏོན་ནས་འཛུམ་དམུལ་དམུལ་ངང་སྡེ་ཁུལ་གྱི་ལས་དོན་པ་ཚེ་ལྷར་བཤད། ཚེ་ལྷས་ཤོག་ལྷེ་དེ་བླངས་ནས“བསམ་འདུན་ཕྲན་བུའི”ཐོ་དེབ་ཏུ་ཐོ་བརྒྱབ། ཇོ་མོ་ཁྲོམ་གཞུང་གིས་མང་ཚོགས་ཀྱིས“མངགས་ཐོ་འདོན་པ”དང་། སྡེ་ཁུལ་གྱིས“མངགས་ཐོ་བཀོད་སྒྲིག་བྱེད་པ” ཏང་ཡོན་གྱིས“མངགས་ཐོ་ཁས་ལེན་པའི”བྱ་ཐབས་ཁྱབ་གདལ་བཏང་ཚུན་དུ། བཀྲ་ཤིས་ཚེ་རིང་གིས“མངགས་ཐོ་ཁས་ལེན”ཐེངས་43བྱས་ཡོད་པ་རེད།
ལོ་གཉིས་ཀྱི་གོང་། བཀྲ་ཤིས་ཚེ་རིང་སྟོང་མཇུག་ནགས་ར་ནས་རྒན་ཡོལ་ཞུས་ཏེ་ཡུན་རིང་མ་སོང་བར་སྡེ་ཁུལ་གྱི་ལས་བྱེད་པས་དྲ་མིག་ཏང་ཀྲི་པུའི་འབྲེལ་གཏུག་པར་གདན་འདྲེན་ཞུས། “ཁྱེད་ལ་མང་ཚོགས་ཀྱི་རྨང་གཞི་ཡག་པོ་འདུག སྡེ་ཁུལ་བཅོས་སྐྱོང་བྱེད་པར་ཁྱེད་དང་འདྲ་བའི་ཏང་ཡོན་རྒན་གྲས་དགོས་འདུག”ཅེས་བཤད་པས། རྒན་ཡོལ་ཞུས་རྗེས་མུ་མཐུད་ལེགས་སྐྱེས་འབུལ་འདོད་པའི་བཀྲ་ཤིས་ཚེ་རིང་གི་སེམས་ཤུགས་ཆེ་རུ་ཕྱིན།
བཀྲ་ཤིས་ཚེ་རིང་གིས་འགན་འཁུར་བའི་དྲ་མིག་ནང་གྲོང་མི་དུད་ཚང་452ཡོད་པ་ལས་མང་ཆེ་བ་རྒན་རྒོན་དང་གཞིས་ལུས་བྱིས་པ་ཡིན་པས། ཆུ་མདོང་གས་པ་དང་། ཕྲུ་གུར་ལྟ་མཁན་མེད་པ། རྒན་རྒོན་སྨན་བཅོས་བྱེད་པར་ཁྲིད་དགོས་པ་སོགས་མང་ཚོགས་ཀྱི་དོན་ཆུང་ཚང་མ་ནི་བཀྲ་ཤིས་ཚེ་རིང་གི་མིག་ནང་གི་དོན་ཆེན་ཤ་སྟག་ཡིན། བཀྲ་ཤིས་ཚེ་རིང་དང་འདྲ་བའི་བོད་ཀྱི་ལས་འཁྱུར་ངལ་གསོ་བརྒྱབ་ཀྱང་རང་མདངས་མ་འགྱུར་བའི་ཏང་ཡོན་རྒན་གྲས་ཚོ་གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུར་བོད་ཀྱིས་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་5500ལྷག་ཙམ་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། གཅིག་འཐུས་ཞབས་ཞུ་དང་སྒོ་གཅིག་ཀུན་སྒྲུབ་ཀྱི་ལམ་སྒྲོལ་ལག་ལེན་བསྟར་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བའི་གཡུལ་ས་གཙོ་བོ་བཏོད་ཡོད། དེ་དང་ཆབས་ཅིག དམངས་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཧྲིལ་པོའི་ཚབ་སྒྲུབ་ལམ་སྲོལ་ཡང་ཁྱབ་གདལ་བཏང་བ་རེད། མང་ཚོགས་ཀྱིས་སྒྲུབ་དགོས་པའི་བྱ་བ་དག་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་བྱེད་པ་ཟླ་ཕྱེད་རེར་ཤང་དང་གྲོང་རྡལ་གྱི་ཞབས་ཞུ་ལྟེ་གནས་སུ་ཉུང་མཐར་ཡང་ཐེངས་རེར་བསྐྱོད་དེ་གཅིག་གྱུར་ཐོག་བསྒྲུབས་ཏེ། མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་དེ་བས་སྟབས་བདེ་དང་དེ་བས་སེམས་ཁྲལ་མེད་པར་བྱས་ཡོད།
བོད་ཀྱིས་ད་དུང་དྲ་མིག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཏང་འཛུགས་སྐྱོང་དང་། སྲིད་ཁྲིམས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་། དམངས་སྲིད། གྲོང་ཁྱེར་དོ་དམ་སོགས“དྲ་བ་གཅིག”ཏུ་ཟླ་སྒྲིལ་བཏང་སྟེ“དྲ་བ་གཅིག་ལ་དྲ་མིག་མང་བ་དང་དྲ་མིག་གཅིག་ལ་སྤྱོད་སྒོ་མང་བར”བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས་མངག་སྐྱེལ་ཕོ་གསར་དང་མྱུར་སྐྱེལ་བ་གདན་དྲངས་ནས“སྐོར་སྐྱོད་དྲ་མིག་བའི”འགན་འཁུར་དུ་བཅུག་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས“ཏང་ཡོན་དང་མང་ཚོགས་ཞབས་ཞུའི་Vས་ཚིགས”བཏོད་པ། ལྷོ་ཁ་གྲོང་ཁྱེར་གྱིས“གསར་བརྗེའི་ཚབ་སྒྲུབ”ཁྱབ་གདལ་བཏང་བ་སོགས་ས་ཁུལ་ཁག་གིས་སྟབས་བསྟུན་སྣ་མང་གི་བྱ་ཐབས་སྤྱད་དེ་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།
ད་ཆ། གནས་འདི་ནི་ཟ་ཁང་དང་། ཉིན་མོར་ལྟ་རྟོག་བྱེད་ས། རིག་རྩལ་བྱེད་སྒོ་སྤེལ་ས་སོགས་དམངས་ཕན་ཞབས་ཞུའི་ཕན་ནུས་གཞི་གཅིག་ཏུ་བསྡུས་པའི“གཅེས་སེམས་ས་ཚིགས”ཤིག་ཏུ་རིམ་སྤོར་བྱུང་ཡོད། རྒན་རྒོན་ཚོས་མིག་མངས་རྩེ་བ་དང་ཕྲུ་གུ་ཚོས་སྦྱོང་ཚན་འབྲི་བ་མཐོང་སྐབས་བཀྲ་ཤིས་ཚེ་རིང་གི་བཞིན་རས་ལ་བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར། ཁོང་གིས། “ཏང་འཛུགས་སྐྱོང་ལ་བརྟེན་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་ཁྲིད་སྟོན་བྱས་ནས། ང་ཚོ་མང་ཚོགས་ཀྱི་སྒོ་རྩར་བསྐྱོད་དེ་ཞབས་འདེགས་ཞུས་ནས་མི་སེར་ཚོར་སེམས་གཏིང་ནས་དྲོ་སྐྱིད་ཚོར་ཐུབ་པར་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།