ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་གིས“ཁྱུང་རྫོང་ལུག་ནག”གི་སྤུས་རྟགས་བཏོད་པ།
གསར་གཏོད་ལ་བརྟེན་ནས་གནའ་བོའི་ངག་རྒྱུན་མངོན་འགྱུར་བྱུང་བ།
ས་བབ་སྨི་5000ལྷག་ཙམ་ཡོད་པའི་བྱང་རྩྭ་ཐང་གི་མཐིལ་དུ་ལུག་ཁྱུ་མང་པོ་དཔའ་མོ་ཁྱུང་རྫོང་རི་བོའི་འདབས་རོལ་དུ་རྩྭ་ཆུར་ཅི་དགར་རོལ་ནས་ཡོད། ལུག་ཁྱུ་དག་ནི་མུ་ཏིག་ནག་པོས་གངས་རིར་མགུལ་རྒྱན་བསྒྲོན་པ་ལྟར་དུ་སྣང་།
ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས(རྩྭ་ལས)ཚན་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་ཚན་ཞིབ་མི་སྣས་ལུག་ནག་པོ་དེ་དག་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། དུས་བཀག་ལྟར་དེ་དག་གི་བདེ་ཐང་དང་སྐྱེ་འཚར་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། “གྲངས་གཞི་བསྡུ་རུབ་དང་དབྱེ་ཞིབ་སོགས་ཚན་རྩལ་གྱི་བྱ་ཐབས་བརྒྱུད‘ཁྱུང་རྫོང་ལུག་ནག’གི་གནའ་བོའི་ངག་རྒྱུན་ཁྲོད་ཀྱི་གསར་གཏོད་ཀྱི་མངོན་མེད་སྟོབས་ཤུགས་འདོན་སྤེལ་ཐུབ་རེ་ཡོད”ཅེས་མཚོ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་དབང་གསལ་ཟླ་བས་ངོ་སྤྲོད་བྱས།
“ཁྱུང་རྫོང་ལུག་ནག་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་ཁོ་ནར་ཡོད་པའི་ལུག་ཅིག་རེད”ཅེས་དབང་གསལ་ཟླ་བས་གསར་འགོད་པར་བརྗོད་བྱུང་། མཚོ་སྦྲེལ་བྱང་མ་ཤང་གི་ས་དབྱིབས་ཆགས་ཚུལ་ཁྱད་དུ་འཕགས་ལ་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཡོད། ཤང་ཡོངས་ཀྱི་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་4.7ཟིན་པ་དང་། ལྷོ་ནས་བྱང་ངོས་སུ་ས་བབ་རིམ་བཞིན་མཐོ་རུ་འགྲོ་བ་དང་། ཆ་སྙོམས་ས་བབ་སྨི་5129ཡན་ཟིན་གྱི་ཡོད། ས་གནས་དེ་གའི་མང་ཚོགས་ཀྱི་ཁ་རྒྱུན་དུ་འཇགས་པའི་ལོ་རྒྱུས་ཀྱི་ངག་རྒྱུན་ནང་། ལོ་ངོ་1000ལྷག་ཙམ་གྱི་གོང་རོལ་དུ་གླིང་སྒྲུང་ནང་གི་སྙན་གྲགས་ཕྱོགས་བཅུར་ཁྱབ་པའི་བུད་མེད་དམག་དཔོན“དཔའ་མོ”ཁྱུང་རྫོང་རི་བོའི་རྒྱུད་དུ་གནས་བཅའ་བས་ན་རྗེས་རབས་པ་ཚོས་རི་རྒྱུད་དེའི་མིང་ལའང“དཔའ་མོ་ཁྱུང་རྫོང་རི”ཞེས་བཏགས་པ་དང་། སྐབས་དེ་དུས་ས་ཁུལ་དེའི་འབྲོག་པས་སྤུ་མདོག་ནག་ཅིང་འོད་ཐིང་ཐིང་གི་ལུག་ནག་གསོ་ཚགས་བྱས་ཏེ་དེ་འཚོ་ཐབས་སུ་བརྟེན། ཁྱུང་རྫོང་ལུག་ནག་ལ་སྐྱེ་འཚར་མགྱོགས་པ་དང་ཤ་ཤེད་རྒྱས་ཤིང་ཚིལ་ཉུང་བའི་དམིགས་བསལ་ཁྱད་ཆོས་ལྡན་པས། དམག་མིས“དམག་རྒྱགས”སུ་བརྩི་ཡི་ཡོད།
དབང་གསལ་ཟླ་བས“དུས་ད་ལྟའི་བར་དུའང་མཚོ་སྦྲེལ་བྱང་མ་ཤང་དུ་གསོ་ཚགས་བྱས་པའི་ལུག་མི་ཉུང་བ་ཞིག་གི་ཕྱིའི་བཟོ་ལྟ་ལོ་རྒྱུས་ཐོག་འཁོད་པའི་ཁྱུང་རྫོང་ལུག་ནག་གི་ཁྱད་ཆོས་དང་ཧ་ཅང་འདྲ་པོ་ཡོད། འབྲེལ་ཡོད་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་གསོ་ཚགས་དུད་ཚང་ཆེན་པོའི་ལག་ལེན་དངོས་ཀྱི་ཉམས་མྱོང་ལས། ལུག་ནག་པོ་འདི་རིགས་ཀྱི་གཟུགས་སྟོབས་དང་ཤ་སྤུས་ཐད་དམིགས་བསལ་གྱི་ལེགས་ཆ་ལྡན་པ་མངོན་གྱི་ཡོད”ཅེས་བཤད།
སྐྱེ་ཁམས་ཀྱི་རྨང་གཞི་དང་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་པའི་དབང་གིས་མཚོ་སྦྲེལ་བྱང་མ་ཤང་ཏང་ཨུད་དང་སྲིད་གཞུང་ལ་གདིང་ཤུགས་གསར་པ་སྐྱེས་ཡོད། མཚོ་སྦྲེལ་བྱང་མ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། “ཁྱུང་རྫོང་ལུག་ནག”གི་སྤུས་རྟགས་གཏོད་པ་དང་སྤུས་ལེགས་གསོ་ཚགས་ལས་རིགས་སྐྱེད་སྲིང་བྱེད་པ་ནི་ཁྲོམ་རའི་འགྲན་རྩོད་ཀྱི་ལེགས་ཆ་བརྩོན་ལེན་དང་། འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། འབྲོག་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩ་ཡིན་པའི་ངོས་འཛིན་བྱས་པ་རེད།
བརྩོན་ལེན་བྱས་པ་བརྒྱུད། སྲིད་ཇུས་ཀྱི་མཉམ་ཤུགས་ཤིག་ཆགས་བཞིན་ཡོད་པ་སྟེ། 2023ལོར་ནག་ཆུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཁྱད་ལྡན་ལུག་ཤ་སོས་པ་དབོར་འདྲེན་རླངས་འཁོར་ཉོ་བའི་མ་དངུལ་སྒོར་ཁྲི་30ཐག་གཅོད་བྱས་པ་དང་། མཚོ་གཉིས་རྫོང་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རྒྱུད་བཟང་ཕྱུགས་རིགས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་24མཁོ་འདོན་བྱས་པ། 2025ལོར་ནག་ཆུ་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས་ཀྱིས“ཁྱུང་རྫོང་ལུག་ནག”གི་ཐོན་རྫས་ཐུམ་སྒྲིལ་སྒྲིག་ཆས་དང་གྲངས་གཞིའི་ཞིབ་དཔྱད་སོགས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་30ཐག་གཅོད་བྱས་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ཤང་དེས་ལུག་ནག་མགོ་གྲངས་5500ལྷག་ཙམ་ལེགས་འདེམས་གསོ་ཚགས་བྱས་པ་དང་། གཅིག་སྡུད་གསོ་ཚགས་བྱེད་ས་6ཡོད་པ་དང་འབྲེལ“ཁྱུང་རྫོང་ལུག་ནག”གི་ཚོང་རྟགས་ཐོ་འགོད་ལེགས་གྲུབ་བྱུང་བ་རེད། ཁྱད་ལྡན་ཐོན་རྫས་ཁྱབ་གདལ་དང་ལས་སྣོན་རགས་ཙམ་བྱས་པ་བརྒྱུད། ཉེ་བའི་ལོ་གཉིས་རིང་། ལུག་ཤའི་ཁོག་བཙོངས་པར་བསྡོམས་སྒོར་ཁྲི་80ལྷག་ཙམ་རག་པ་དང་། ལུག་གི་ནང་འཁྲོལ་ལ་སོགས་བཙོངས་པར་སྒོར་ཁྲི་5ལྷག་ཙམ་རག་པ་རེད།
“2024ལོར་ང་ཚོའི་ཁྱིམ་དུ་བགོ་འགྲེམས་སྒོར་28000དང་། ལུག་མགོ་གྲངས་31རག་བྱུང”ཞེས་ལོ་46ལ་སླེབས་པའི་འབྲོག་པ་དབང་ཆེན་གྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བརྗོད་བྱུང་། དབང་ཆེན་གྱིས་གྲོང་ཚོའི་མཚོ་གཉིས་རྫོང་ཁྲ་ཚང་སྐྱེ་ཁམས་འབྲོག་ལས་ཚད་ཡོད་ཀུང་སིར་ཕྱུགས་རྗི་བྱེད་བཞིན་ཡོད་པ་དང་། ཁྱུང་རྫོང་ལུག་ནག་ཚུད་པའི་ལུག་མགོ་གྲངས་950ཙམ་འཚོ་གི་ཡོད།
ད་ཆ། ཁྱུང་རྫོང་ལུག་ནག་རྒྱལ་ཡོངས་ཀྱི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་དང་། ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས། ལྗང་མདོག་ཐོན་རྫས། སྐྱེ་ལྡན་ཐོན་རྫས་སོགས་ཀྱི་བདེན་དཔང་ར་སྤྲོད་བྱེད་འགོ་ཚུགས་པ་དང་། དེང་རབས་འབྲོག་ལས་ཀྱི་རྒྱུད་བཟང་དང་། ལྷས་ར་ཡག་པོ། གཟན་རྩྭ་ཡག་པོ། སྨན་པ་ཡག་པོ། ཐབས་ཤེས་བཟང་པོ་སོགས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་དུ་ནུས་པ་ཆེན་པོ་ཐོན་བཞིན་ཡོད། གངས་རིའི་འདབས་རོལ་གྱི་འབྲོག་ར་ནས་འཛད་སྤྱོད་པའི་གསོལ་ཅོག་བར་ཁྱད་ལྡན་ཐོན་ལས་ཀྱི་འཁོར་འབྲེལ་ཞིག་ཆགས་རེ་བྱེད་རིན་ཡོད།
འབྲེལ་ཡོད་གསར་འགྱུར།